ཀུན་ཁམས་གྲོང་ཚོ་རྒྱ་ཚ་རྫོང་གྲོང་དང་བར་ཐག་སྤྱི་ལེ་15ཆོད་པ་དང་དེ་གར་མང་ཚོགས་ཀྱིས་ཀུ་ཤུ་དང་། ལི། སེའུ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་མུའུ་700ལྷག་ཙམ་བཏབ་ཡོད། ལོ་ལྟར་གྱི་ཟླ་8པར་ལི་སྨིན་པ་དང་འཐུ་བའི་དུས་སུ་སླེབས་པས་དེ་དག་ཇི་ལྟར་བྱས་ནས་ཕྱིར་འཚོང་བ་དེ་སྔོན་ཆད་མང་ཚོགས་ཀྱི་སེམས་ནད་ཅིག་ཏུ་གྱུར་ཡོད།
དེས་མ་ཟད། གྲོང་གསེབ་ཀྱི་དངོས་པོ་དང་འཚོ་བའི་ཆུ་ཚད་རིམ་བཞིན་མཐོ་རུ་དང་དྲ་ཐོག་ཚོང་དོན་གྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་ཕྱིན་པ་དང་བསྟུན་ནས། དྲ་ཉོ་བྱ་རྒྱུ་དེ་གྲོང་མིའི་དངོས་པོའི་དགོས་མཁོ་སྐོང་བའི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད། བོད་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་བསྐུར་སྐྱེལ་ལས་སྒོ་གྲོང་ཚོར་སྣུར་སྲིང་ཐུབ་མེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་འཚོང་བའི“ཐོག་མའི་འགག་གནད”དང་འཛད་སྤྱོད་ཐོན་རྫས་དྲ་ཕྱིར་འཚོང་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ཆེད། 2023ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་དམངས་ཞབས་ཞུ་ལྟེ་གནས་དང་གྲོང་ཚོ་ཨུ་ལྷན་ལ་བརྟེན་ཏེ་གྲོང་གསེབ་ཀྱི་ད་ཡོད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“གྲོང་ཚོ་རེར་ས་ཚིགས་རེའི”འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། 2024ལོའི་ལོ་མཇུག་བར། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་701བསྐྲུན་ནས་ལོ་གཅིག་གི་སྔོན་ལ་སྲིད་འཛིན་གྲོང་ཚོ་ཁག་དང་། དགོན་སྡེ་དོ་དམ་ཨུ་ལྷན། བཅའ་སྡོད་དཔུང་སྡེ། མཐའ་མཚམས་གྲོང་ཚོ(སློབ་ཁྲིད་ས་ཚིགས)བཅས་དང་། དེ་བཞིན་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་གཙོ་བོ་བཅའ་སྡོད་བྱ་ཡུལ་ལ་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཡོད།
མྱུར་སྐྱེལ་ས་ཚིགས་གྲོང་ཚོར་འཛུགས་པའི་ལས་དོན་སྤེལ་ཚུན། ཀུན་ཁམས་གྲོང་ཚོས་གྲོང་ཚོའི་བསྐུར་སྐྱེལ་ཟོག་འགྲེམས་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། “གནས་གཅིག་ལ་ནུས་པ་མང་བ་དང་ས་ཚིགས་གཅིག་ལ་སྤྱོད་གོ་མང་བ”ཏན་ཏིག་ཐུབ་པར་བྱས་ནས། གྲོང་ཚོའི་མྱུར་སྐྱེལ་གྱི་མཐའ་མའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་བས། གྲོང་ཚོ་ནས་བསྡུ་གཏོང་དང་དམངས་ཕན་དམངས་བདེ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོར་མྱུར་སྐྱེལ་ཤར་གཏོང་གི་བསྐུར་སྐྱེལ་ཟོག་འགྲེམས་ཀྱི་ཞབས་ཞུའི་ས་ཚིགས་བཙུགས་ཚུན། ཀུན་ཁམས་གྲོང་ཚོར་ཉིན་རེར་ཆ་སྙོམས་བསྐུར་མ་60ལྷག་ཙམ་འབྱོར་གྱི་ཡོད། ད་ལོ་ཚུན་རིམ་རྩིས་བརྒྱབ་ན། ས་ཚིགས་སུ་བསྐུར་མ་6000ལྷག་ཙམ་འབྱོར་བའི་ནང་བསྐུར་མ་3500ལྷག་ཙམ་ཉིན་དེ་རང་ལ་བསྐྱལ་བ་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་སོགས་ཀྱི་བསྐུར་མ་གཞན་དག་2500ལྷག་ཙམ་བསྐུར་བ་རེད། ཀུན་ཁམས་གྲོང་ཚོའི་མང་ཚོགས་གྲོང་ཚོ་ནས་དོན་མི་དགོས་པར་མྱུར་སྐྱེལ་རང་འདོད་མངོན་འགྱུར་བྱུང་བ་དང་། གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲེམས་ཞབས་ཞུའི་ས་ཚིགས་བསྐྲུན་པ་དེས་མྱུར་སྐྱེལ་འབྱོར་བའི་དུས་ཚོད་ཐུང་དུ་ཕྱིན་པ་མ་ཟད། བསྐུར་མ་ལེན་པའི་མ་གནས་དམའ་རུ་ཕྱིན་པ་དང་ཆབས་ཅིག བོར་བརླག་གི་ཉེན་ཁའང་ཆུང་དུ་ཕྱིན་ཡོད།