《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月12日

2024ལོར་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་68.10ཟིན་པ་དེ་དུས་མཚུངས་ལས་8.7%འཕར་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་ཁྲོམ་རའི་གཞི་ཁྱོན་རྒྱ་ཆེར་བཏང་ནས་འཛད་སྤྱོད་ཡར་སྐུལ་གྱི་གཏིང་ཤུགས་འཕེལ་བར་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་འཛད་སྤྱོད་ཡར་སྐུལ་དང་དམངས་འཚོར་ཕན་འདོགས་པ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཛད་སྤྱོད་ཡར་སྐུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཡར་སྐུལ་གྱི་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། འཛད་སྤྱོད་མཁོ་སྤྲོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ། འཛད་སྤྱོད་ཁྲོམ་རའི་བྱེད་པོ་མགྱོགས་མྱུར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་གྲོང་མིའི་འཛད་སྤྱོད་ཀྱི་གཏིང་ཤུགས་ནུས་ལྡན་ངང་འཕེལ་བར་བྱས་ཞིང་། རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་68.10ཟིན་པ་དེ་དུས་མཚུངས་ལས་8.7%འཕར་བ་དང་། འཕར་ཚད་རྒྱལ་ཁབ་ཀྱི་བརྒྱ་ཆའི་གྲངས་5.2ལས་མཐོ་བ་དང་ལྗོངས་ཡོངས་ཀྱི་བརྒྱ་ཆའི་གྲངས་1.5ལས་མཐོ་བ་ཡོད་པས་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནང་སྐྱེས་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

2024ལོར་ཉིང་ཁྲི་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་རའི་དམིགས་ཚད་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། དེའི་ནང་བཅད་གྲངས་ཡན་གྱི་འཛད་ཟོག་སིལ་འཚོང་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་21.67ཟིན་པ་དེ་དུས་མཚུངས་ལས་22.4%འཕར་བ་དང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) གཉེར་སྐྱོང་ཚན་པ་གནས་ས་ནས་བལྟས་ཚེ་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀར་ཚོང་བྲིན་ཁ་རྒྱུག་པའི་ཁྱད་ཆོས་མངོན་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་48.45ཟིན་པ་དེ་དུས་མཚུངས་ལས་9.1%འཕར་བ་དང་། གྲོང་གསེབ་ཏུ་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་19.65ཟིན་པ་དེ་དུས་མཚུངས་ལས་7.7%འཕར་བ། འཛད་སྤྱོད་བྱས་ཚུལ་ནས་བལྟས་ཚེ་ཚོང་ཟོག་གི་སིལ་ཚོང་འཕར་ཚད་དེ་བཟའ་འཐུང་གི་ཡོང་འབབ་ལས་མཐོ་བ་ཡོད། གྲོང་ཁྱེར་ཡོངས་སུ་བཟའ་བཏུང་གི་ཡོང་འབབ་སྒོར་དུང་ཕྱུར་12.00ཟིན་པ་དེ་དུས་མཚུངས་ལས་3.0%འཕར་བ་དང་། ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་56.10ཟིན་པ་དེ་དུས་མཚུངས་ལས་10.0%འཕར་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི“འཛད་སྤྱོད་ཡར་སྐུལ་གྱི་བྱེད་ཐབས་ཁག་8”ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་རང་ས་རང་ཡུལ་དུ་འཛད་སྤྱོད་ཡར་སྐུལ་གྱི་བྱེད་ཐབས་འགའ་ཤས་བཏོན་ཞིང་། འཛད་ཟོག་རྙིང་པ་གསར་པར་བརྗེ་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ། དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒུལ་རྣམ་ལེགས་སྒྲིག་གིས་གྲོང་ཁྱེར་ཡོངས་ཀྱི་བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་ཆས་རིགས་དང་། ཁྱིམ་སྤྱོད་གློག་ཆས། སྒྲ་ཕབ་བརྙན་འཇུག་ཡོ་ཆས་རིགས། རྡོ་སྣུམ་དང་དེ་བཞིན་བཟོས་རྫས་རིགས། རླངས་འཁོར་རིགས་ཀྱི་སིལ་ཚོང་བྱེད་ཚད་བཅས་དུས་མཚུངས་ལས་192.6%དང་། 34% 30.5% 15.5%སོ་སོར་འཕར་ཡོད་པ་རེད།

འཛད་སྤྱོད་ཡར་སྐུལ་གྱི་བྱེད་སྒོའི་ཁྱབ་ཁོངས་སུ། ཉིང་ཁྲི་གྲོང་ཁྱེར་གྱིས་2024ལོའི་དགུན་དུས་ཉིང་ཁྲིར་ཡུལ་སྐོར་དུ་སྐྱོད་པའི“ཁྲོམ་ར་བརྟན་པོ་དང་། ཡུལ་སྐོར་སྐུལ་གཏོང་། དམངས་འཚོར་ཕན་པ”བཅས་ཀྱི་བྱེད་སྒོ་ལག་བསྟར་ཧུར་ཐག་བྱས་ཏེ། ཚད་ལོན་ཚོང་དུད་1198ལ་ཁ་གསབ་མ་དངུལ་སྒོར་ཁྲི་613.6སྤྲད་དེ་འཛད་སྤྱོད་ཡོང་འབབ་སྒོར་ཁྲི་6500ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་8505བཏང་ནས་འཛད་ཟོག་རྙིང་པ་གསར་པར་བརྗེ་བ་དང“བདེ་སྐྱིད་རྫོགས་ལྡན་གྱི་ཉིང་ཁྲི། དགའ་སྤྲོའི་ངང་ནས་འཚོ་བར་རོལ”ཞེས་པའི་འཛད་སྤྱོད་ཡར་སྐུལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛད་སྤྱོད་ཡོང་འབབ་སྒོར་དུང་ཕྱུར་4.41ཟིན་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད་པ་རེད། “ཀྲུང་ཧྭའི་ཞིམ་ཟས། ཉིང་ཁྲིའི་བྲོ་བ”ཞེས་པའི་ཞིམ་ཟས་འགྲན་བསྡུར་ཆེན་པོ་གཉེར་ནས། བོད་ཟས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། “བོད་ཀྱི་སྤུས་རྟགས་རྩེ་གྲ་ཁྱིམ་ཚང་ཁྲི་སྟོང་ལ་ཁྱབ་གདལ་གཏོང་བ”ཞེས་པའི་རང་སྐྱོང་ལྗོངས་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་གྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོར་ཞུགས་ནས་ཐད་གཏོང་ཟོག་ཚོང་གི་བྲིན་ཚོང་བྱེད་ཚད་སྒོར་ཁྲི་570ལྷག་ཙམ་ཟིན་ནས་ཚོང་འགྲིག་ཚད་དང་མངགས་ཐོ་ཁྲི་5ཙམ་ཟིན་ཡོད་པ་རེད།

འདི་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས། གསོག་འབོར་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་འཕར་གྲངས་ཀྱི་སྲིད་ཇུས་དེ་བས་མང་བ་ཇུས་འགོད་བྱས་ཏེ། 2025ལོའི་དུས་ཚིགས་དང་པོའི“ཁྲོམ་ར་བརྟན་པོ་དང་། ཡུལ་སྐོར་སྐུལ་གཏོང་། དམངས་འཚོར་ཕན་པའི”བྱེད་སྒོ་ལག་བསྟར་ཤུགས་ཆེན་བྱས་པ་དང་། གྲོང་ཁྱེར་དང་རྫོང་མཉམ་སྒུལ་གྱི་འཛད་སྤྱོད་ཡར་སྐུལ་བྱེད་སྒོར་སྤྱི་འདོམས་སྐུལ་འདེད་བཏང་ནས། འཛད་སྤྱོད་ཡར་སྐུལ་གྱི་ཆེད་དོན་བྱ་སྤྱོད་དང་། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱ་སྤྱོད། འཛད་སྤྱོད་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་བྱ་སྤྱོད། སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་དང་སྐྱེད་སྲིང་བྱ་སྤྱོད། འཛད་སྤྱོད་ཞབས་ཞུ་རྒྱ་ཆེར་གཏོང་བའི་བྱ་སྤྱོད་བཅས“བྱ་སྤྱོད་ཆེན་པོ་ལྔར”བརྟེན་ནས་ཕྱོགས་ཡོངས་ནས་ནང་མཁོ་རྒྱ་ཆེར་དང་གདིང་ཤུགས་འཕེལ་བར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། བསྟན་བཟང་གིས་ཞུས)