མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་གཏོད་ཆེད། 2024ལོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱིས“ཁུལ་ཆུང་དུ་ཡོད་པ་ལྔ”(ཏང་གི་རྩ་འཛུགས་ཁུལ་ཆུང་དུ་འཛུགས་པ་དང་། ཏང་གི་གཡུལ་ས་ཁུལ་ཆུང་དུ་འཛུགས་པ། ཏང་དང་མང་ཚོགས་ཀྱི་དོན་གྲོས་ཁུལ་ཆུང་དུ་བྱེད་པ། དཀའ་གནད་ཁུལ་ཆུང་དུ་སེལ་བ། བཅོས་སྐྱོང་ཤེས་ལྡན་པ་ཁུལ་ཆུང་དུ་སྤྱོད་པ་བཅས)ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྡེ་ཁུལ་བཅོས་སྐྱོང་ཁུལ་ཆུང་བཅོས་སྐྱོང་དུ་སྣུར་སྲིང་ཧུར་ཐག་བྱས་ཡོད། ལོ་གཅིག་ཙམ་གྱི་འཁོར་སྐྱོད་དུས་ཚོད་ནང“ཁུལ་ཆུང་དུ་ཡོད་པ་ལྔའི”བཅོས་སྐྱོང་བྱེད་སྟངས་ལ་ཕན་འབྲས་བཟང་པོ་ཐོབ་པ་དང་གྲོང་མི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
“རྩ་འཛུགས་ཀྱི་རྨང་གཞི”བརྟན་དུ་བཏང་ནས“ལྟེ་བའི་སྒུལ་ཤུགས”འཕེལ་བར་བྱས་པ།
གླིང་ཆུང་སྡེ་ཁུལ་གྱིས་དོན་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་གྱི“རིམ་ལྔའི་སྒྲོམ་གཞི”དོན་འཁྱོལ་ཧུར་ཐག་གིས་སྲིད་ཇུས་གསལ་འགྲེལ་དང་ཁྲིམས་སྲོལ་སློབ་སྦྱོང་ཡང་ཡང་བྱས་པ་བརྒྱུད། ཐེན་ཧྥུང་ཞང་ཧོ་ཡོན་དང་། ཤང་ཤུའེ་ཅ་ཡོན། ཅ་ཧོ་འབྱུང་འགྱུར་གྲོང་ཁུལ་ཆུང་བཅས་སུ་གཞིས་བདག་ཨུ་ཡོན་ལྷན་ཁང་སྔ་རྗེས་སུ་འཛུགས་རོགས་བྱས་པ་དང་། ཁུལ་ཆུང་གི་ཏང་ཀྲི་པུའུ་བཙུགས་ནས་སྡེ་ཁུལ་དང་། ཁུལ་ཆུང་ཏང་ཀྲི་པུའུ། གཞིས་བདག་ཨུ་ཡོན་ལྷན་ཁང་། སྡེ་ལས་བཅས་བཅོས་སྐྱོང་བྱེད་པོར་བྱས་ཏེ་ཕྱོགས་བཞིའི་ལས་སྟེགས་བསྐྲུན་པ་དང་། མི་འབོར་ཅུང་མང་བ་དང་གཞི་ཁྱོན་ཅུང་ཆེ་བའི་ཐེན་ཧྥུང་ཞང་ཧོ་ཡོན་དུ་ཁུལ་ཆུང་གི་བེད་མེད་དུ་ལུས་པའི་ཁང་པ་སྤྱད་དེ་དྲ་མིག་ལས་དོན་ས་ཚིགས་དང་། དང་བླངས་ཞབས་ཞུའི་ས་ཚིགས། ཁུལ་ཆུང་གི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཁུལ། གཞིས་བདག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁུལ། མང་ཚོགས་ངལ་གསོ་ཁུལ་བཅས་གཞི་གཅིག་ཏུ་འདུས་པའི་གཞི་རིམ་གྱི་ཏང་དང་མང་ཚོགས་བཅོས་སྐྱོང་གི་གཡུལ་ས་གསར་པ་སྟེ། “ལྷག་བསམ་ཁྱིམ་གཞིས”ལས་དོན་ས་ཚིགས་བསྐྲུན་པ་རེད།
“གདོང་ལེན་གྱི་ནུས་པ”སྐུལ་སློང་བྱས་ཏེ“སྒུལ་ཤུགས་ཆེན་པོ”གཅིག་ཏུ་སྒྲིལ་བ།
ཐེན་ཧྥུང་ཞང་ཧོ་ཡོན་ཁུལ་ཆུང་དུ་ཁྱིམ་ཚང་མང་བ་དང་། མི་འདྲ་མིན་སྣ་ཚོགས་ཡོད་པ། གྲོང་མིའི་དགོས་མཁོ་སྣ་མང་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས་གཞིས་བདག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་གཞིས་བདག་ཨུ་ཡོན་ལྷན་ཁང་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་ཐོག་གླིང་ཆུང་སྡེ་ཁུལ་གྱི་དྲ་མིག་པའི“བདེ་སྐྱིད་བསྐྲུན་པའི”བྱེད་སྒོ་བརྒྱུད་ཏང་ཡོན་གྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་པ་དང་དྲ་མིག་མཉམ་འཛུགས་ཀྱི་རྣམ་པ་བརྒྱུད་ཁུལ་ཆུང་ལ་ཏང་ཀྲི་པུའུ་1བཙུགས་པ་དང་ཏང་ཡོན་གྱི་ལྟེ་བའི་དུད་ཚང་13འདེམས་བསྐོ་བྱས་པ་དང་དུས་མཚུངས་ཁུལ་ཆུང་གི་སེམས་རྩ་འཁོལ་བའི་མང་ཚོགས་དང་ཏང་ཡོན་གྱི་ལྟེ་བའི་དུད་ཚང་གཙོ་བོར་བྱས་ནས“ཐོག་བརྩེགས་དཔོན་བཟང་པོ”གདན་ཞུའི་རྣམ་པ་ལག་བསྟར་གྱིས་ཐོག་བརྩེགས་དཔོན་བཟང་པོ་8ཡོངས་བསྒྲགས་ངང་སྐོང་བསྡུ་བྱས་པ་རེད།
2024ལོའི་ཟླ་8པར། གླིང་ཆུང་སྡེ་ཁུལ་གྱིས་ཐོག་བརྩེགས་དཔོན་བཟང་པོ་གདན་ཞུ་དང་གསོ་སྦྱོང་དོན་གྲོས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་སྡེ་ཁུལ་གྱི་འགན་འཁུར་བས་ས་གནས་ས་ཐོག་ཏུ་ཁུལ་ཆུང་བཅོས་སྐྱོང་གི་གནད་དོན་བསྡུ་རུབ་བྱས་ཏེ་དཔེ་མཚོན་དངོས་ལ་གཞིགས་ནས་འགྲེལ་བཤད་དང་ཁྲིད་སྟོན་བྱས་ཏེ་ཐོག་བརྩེགས་དཔོན་བཟང་པོའི་འགན་འཁྲི་སྒྲུབ་ནུས་ཇེ་ཆེར་བཏང་བ་དང་ལག་ཁྱེར་ཁྱེར་ནས་ལས་གནས་སུ་ཞུགས་རྒྱུའི་གྲ་སྒྲིག་གང་ལེགས་བྱས་ཏེ་ཁྱིམ་ཚང་དུ་བཅར་འདྲི་དང་། ཁ་པར་ནས་ཤེས་རྟོགས། སྐད་འཕྲིན་ཚོགས་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་སྡེ་ཁུལ་མི་འབོར་གྱི་ཆ་འཕྲིན་མི་ཐེངས་1800ལྷག་ཙམ་མཐིལ་བཤེར་བྱས་ནས་ཆ་འཕྲིན་ཞིབ་ཚགས་པའི་ཁྱིམ་ཚང་རེར་ཡིག་ཚགས་རེ་བཟོས་པ་རེད།
“རང་སྐྱོང་ལམ་སྲོལ”ལ་ཤུགས་སྣོན་བརྒྱབ་ནས“བྱེད་པོའི་གསོན་ཤུགས”འཕེལ་བར་བྱས་པ།
སྡེ་ཁུལ་གྱིས་མཛུབ་ཁྲིད་བྱེད་པ་དང་། ཁུལ་ཆུང་ཏང་ཀྲི་པུས་གཙོ་ཁྲིད་བྱེད་པ། གཞིས་བདག་ཨུ་ཡོན་ལྷན་ཁང་དང་སྡེ་ལས་ཀུང་སི་མཉམ་དུ་ཞུགས་པ་བཅས་ཀྱི་ཕྱོགས་བཞིའི་ལས་སྟེགས་བདེ་བླག་ངང་བཙུགས་རྗེས། གླིང་ཆུང་སྡེ་ཁུལ་གྱིས་མཉམ་དུ་གྲོས་བསྡུར་བྱས་ནས“ཕྱོགས་བཞིའི་ལས་སྟེགས”ཀྱི་གྲོས་མོལ་དོན་གྲོས་ཐབས་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁུལ་ཆུང་དུ་ཕྱོགས་བཞིའི་དོན་གྲོས་ཐིང་བཙུགས་པ་དང་། ཟླ་རེའི་ཚེས་5དང་། ཚེས་15 ཚེས་25བཅས་ལ་སྡེ་ཁུལ་དང་། ཁུལ་ཆུང་ཏང་ཀྲི་པུའུ། གཞིས་བདག་ཨུ་ཡོན་ལྷན་ཁང་། སྡེ་ལས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་ཕྱོགས་བཞིའི་ལས་སྟེགས་མཉམ་འཛོམས་ཀྱིས་དོན་གྲོས་ཚོགས་འདུ་འཚོགས་པ་རེད། དོན་གྲོས་ཁང་གི་ཁོངས་མི་ནི“4+N”(སྡེ་ཁུལ་དང་། ཁུལ་ཆུང་ཏང་ཀྲི་པུའུ། གཞིས་བདག་ཨུ་ཡོན་ལྷན་ཁང་། སྡེ་ལས་+དང་བླངས་པ། ཐོག་བརྩེགས་དཔོན་བཟང་པོ། ཏང་ཡོན་གྱི་ལྟེ་བའི་དུད་ཚང་སོགས)ཕྱོགས་ཁག་གི་སྟོབས་ཤུགས་ལས་གྲུབ་པའི་སྣ་མང་མཐུན་སྦྱོར་གྱི་བཅོས་སྐྱོང་ཚོགས་པ་ཞིག་ཆགས་ཏེ་དོན་གྲོས་ཀྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
“ཞབས་ཞུའི་ཆུ་ཚད”མཐོ་རུ་བཏང་ནས“བདེ་སྐྱིད་སྟོན་གྲངས”ཆེ་རུ་བཏང་བ།
ཁོངས་གཏོགས་ཁུལ་གྱི་གྲོང་མིའི“བདེ་སྐྱིད་སྟོན་གྲངས”སྔར་བས་ཆེ་རུ་གཏོང་ཆེད། གླིང་ཆུང་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་སྡེ་ལས་དང་། སྤྱི་ཚོགས་རྩ་འཛུགས། དང་བླངས་ཞབས་ཞུ་བ་སོགས་བྱེད་པོ་སྣ་ཚོགས་ཞུགས་པའི“བདེ་སྐྱིད་མཉམ་གཉེར་བའི”རྣམ་པ་དུས་མཚུངས་སུ་འཚོལ་ཞིབ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བུ་ཕྲུག་ལ་སློབ་གསེང་དུ་ཟུར་ཁྲིད་བྱེད་དཀའ་བའི་གནད་དོན་ལ་དམིགས་ཏེ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་དང་དེ་བཞིན་ལྷག་བསམ་ཁྱིམ་གཞིས་ལས་དོན་ས་ཚིགས་ལ་བརྟེན་ནས། སྡེ་ཁུལ་གྱི“ལས་སྒྲུབ་རོགས་རམ་ཚོགས་པ”བཙུགས་པ་དང་གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ཀྱི་ཆུ་ཚོད་བདུན་པར་སློབ་ཚན་འཚོགས་པར་གྲོང་མི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།
ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་ཆེད། གླིང་ཆུང་སྡེ་ཁུལ་གྱིས་ད་དུང་ཆེད་མངགས“སེ་འབྲུ་དམར་པོའི”དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་། “སྒྲ་དུང་ཆུང་ཆུང”གི་སྐོར་ཞིབ་རུ་ཁག་དང་། “བསྟོད་བསྔགས་མནའ་འབྲེལ”ཤེས་དཔལ་ཁ་ཏ་རུ་ཁག“གཙང་མཛེས་ཁྱིམ་ཚང”ཁོར་ཡུག་བཅོས་སྐྱོང་དང་བླངས་རུ་ཁག་སོགས་ཉིང་ལག་རུ་ཁག་གི་སྒྲོམ་གཞི་བཙུགས་པ་དང་སྒྲོམ་གཞི་དེ་དག་བཙུགས་ཚུན། རིམ་རྩིས་བརྒྱབ་ན་དང་བླངས་ཞབས་འདེགས་ཐེངས་50ལྷག་ཙམ་ཞུས་པ་དང་སྤྱི་ཕན་གྱི་སྨན་བཅོས་བློ་འདྲི་དང་བདེ་ཐང་འོས་འགན་སྨན་བཅོས་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བ་རེད།