ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་སུ་བརྩིས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད།
ཆུ་ཤུར་རྫོང་ཡར་ཀླུང་གཙང་པོའི་བཟོ་ལས་གླིང་ནི་ཅང་སུའུ་ཐའེ་ཀྲོའུ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན། གླིང་ཁུལ་དུ་གནས་པའི་ཆུ་ཤུར་རྫོང་ས་གཙང་བདེ་ཐང་ཐོན་ལས་གླིང་གི་སྤྱིའི་འཆར་འགོད་ལ་རྒྱ་ཁྱོན་མུའུ་100ཡོད་པ་དེའི་ནང་བོད་ཀྱི་གསོ་བ་རིག་པ་དང་། ཞིང་ཞོར་ཐོན་རྫས་ལས་སྣོན། སྐྱེ་དངོས་ཚན་རྩལ་སོགས་ས་གཙང་བདེ་ཐང་རིགས་ཀྱི་ཐོན་ལས་འདུས་ཡོད་པ་དེ་ནི་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། མིག་སྔར་ཐོན་ལས་གླིང་དུ་གནས་པའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་19281ཟིན་པ་དང་མ་དངུལ་བསྡོམས་འབོར་སྒོར་ཁྲི་8701.03བཏང་བའི་དུས་ཐེངས་དང་པོའི་ཚད་ལྡན་ཅན་གྱི་བཟོ་གྲྭ་སྐྲུན་ཟིན་ཡོད།
བཟོ་ལས་གླིང་ཁུལ་གྱི་དེང་རབས་ཀྱི་ཉམས་འགྱུར་ལྡན་པའི་གཞི་ཁྱོན་ཅན་གྱི་བཟོ་གྲྭའི་ནང་སྐྱོད་ཚེ། སྐྱེ་བོའི་མིག་དབང་ཅིག་ཅར་དུ་འཕྲོག་གི་ཡོད། གླིང་ཁུལ་གྱི་ཐོན་ལས་ངེས་གནས་དང་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་ཆུ་ཤུར་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུགས་མ་འཇོག་གི་ལས་དོན་སྤེལ་ཞིང་། མིག་སྔའི་བར་གླིང་ཁུལ་གྱི་ཚད་ལྡན་ཅན་གྱི་བཟོ་གྲྭར་ཁེ་ལས་7བཅའ་སྡོད་བྱས་པའི་ནང་ཆིའུ་པེན་ཚན་རྩལ་ཚད་ཡོད་ཀུང་སི་དང་སྨི་ལི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཀྱི་ཁེ་ལས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ནས་ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
བློ་བཟང་ཚེ་རིང་ཆིའུ་པེན་ཚན་རྩལ་ཚད་ཡོད་ཀུང་སིར་ལས་ཀ་བྱས་ནས་ལོ་གཉིས་ལྷག་ཙམ་སོང་ཡོད། ཉིན་དེ་དག་རིང་ཐོན་སྐྱེད་འཁོར་ཁང་དུ་སྨན་རྩྭ་ཁེ་ཐེང་ཙེ་ཁག་གཅིག་ནང་འདྲེན་བྱས་ཡོད་པས་བཟོ་གྲྭའི་ནང་ཁོ་པར་ལས་ཀ་མང་པོ་ཡོད་པ་རེད། “ང་ཆུ་ཤུར་གྲོང་ཚོའི་ཚོགས་ཆུང་2པའི་ཡུལ་མི་ཡིན། ལས་ཀ་བྱེད་ས་ཁྱིམ་དང་ཐག་ཉེ་བས་སྟབས་ཧ་ཅང་བདེ་པོ་འདུག ཀུང་སིའི་ཐོབ་ཐང་ཡང་ཡག་པོ་འདུག སོ་སོས་འཇོན་ན་ཡོང་འབབ་མཐོ་པོ་ཡོད། ལས་ཀ་མང་པོ་མེད་པའི་དུས་སུ་ཡང་ཟླ་རེའི་གླ་ཆ་སྒོར་4000ལྷག་ཙམ་ལེན་རྒྱུ་ཡོད”ཅེས་འཁོར་ཁང་དུ་སྨན་འདུལ་བཞིན་པའི་བློ་བཟང་ཚེ་རིང་གིས་དེ་ལྟར་བཤད།
གླིང་ཁུལ་ནང་གི་བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སི་ནི་ཞིབ་བཟོ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་བོད་ཀྱི་གསོ་བ་རིག་པའི་ཁེ་ལས་ཤིག་རེད། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་སློབ་ཆེན་སློབ་མར་ཐག་ཉེ་སར་ལས་ཞུགས་ཐུབ་པའི་གོ་སྐབས་སྦྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སིར་ལས་མི་88ཡོད་པའི་ནང་ཆུ་ཤུར་ནས་ཡིན་པའི་ལས་མི་30ཡོད།
གླིང་ཁུལ་གྱིས་ཐོན་ལས་ལ་སྣེ་ཁྲིད་བྱས་པ་བརྒྱུད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཡང་བསྣན་ཡོད། དེ་དང་ཆབས་ཅིག་ཆུ་ཤུར་རྫོང་གི་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ཡང་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད།
ཆུ་ཤུར་རྫོང་གི་ཞིང་འབྲོག་པའི་ལས་ཞུགས་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་མི་རིང་བའི་གོང་ཐོག་མའི་ཞིབ་བཤེར་ལེགས་གྲུབ་ཟིན་ཞིང་། རྣམ་གྲངས་དེར་མ་དངུལ་བསྡོམས་སྒོར་ཁྲི་1117.18བཏང་བ་དང་། ཐོག་བརྩེགས་གཉིས་ལྡན་གྱི་ཞབས་ཞུའི་ལྟེ་གནས་ཐོག་ཁང་1དང་འབྲེལ་ཡོད་ཞོར་གཏོགས་སྒྲིག་བཀོད་གསར་དུ་བསྐྲུན་ཡོད།
དེ་དང་ཆབས་ཅིག་བསྐྲུན་ཟིན་པའི་ཞིང་འབྲོག་པའི་ལས་གཏོད་ལས་ཞུགས་རྟེན་གཞིར་མ་དངུལ་བསྡོམས་སྒོར་ཁྲི་5038.86བཏང་བ་དང་། གཙོ་བོ་ཚད་ལྡན་བཟོ་གྲྭ་དང་པོ་དང་། ཚད་ལྡན་བཟོ་ཁང་གཉིས་པ། སྒྲིག་ཆས་སྤྱོད་ཁང་། རྒྱལ་སྒོ སྡོད་བྱ་ཁང་སོགས་དང་དེ་བཞིན་གློག་ཤུགས་དང་། ཆུ་གཏོང་འབུད། དྲོད་གཏོང་། སྔོ་འགྱུར་སོགས་སྤྱི་པའི་ལེ་ལག་ཚང་བའི་ལས་གྲྭ་ཚུད་ཡོད། མིག་སྔར་ལས་གྲྭའི་འཕེལ་རིམ་གྱི་65%ལེགས་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་8པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་རེད།
བྲེལ་འཚུབ་ཆེ་བའི་ཨར་ལས་བྱ་ཡུལ་དུ་ཆུ་ཤུར་གྲོང་ཚོའི་ཚོགས་ཆུང་ལྔ་པའི་ཡུལ་མི་དང་རླངས་འཁོར་ཆེ་གྲས་རུ་ཁག་གི་རུ་དཔོན་སྐལ་བཟང་གིས“2024ལོ་ནས་བཟུང་ཆུ་ཤུར་རྫོང་གིས་རྣམ་གྲངས་གལ་ཆེན་མང་པོ་ཞིག་ལས་འགོ་བཙུགས་ཡོད་པས། ང་ཚོའི་ཨར་སྐྲུན་རླངས་འཁོར་རུ་ཁག་ལ་ཡོང་འབབ་མང་དུ་འགྲོ་ངེས་ཡིན་ལ་ལས་ཀ་མེད་པའི་སེམས་ཁྲལ་ཡང་མེད་པ་མ་ཟད། ད་དུང་ཞིང་བྲེལ་དུས་སུ་ཁྱིམ་ལ་རོགས་པ་ཡང་བྱེད་ཐུབ་ཀྱི་འདུག”ཅེས་བཤད།
གྲོང་གསེབ་དར་རྒྱས་ཀྱི་འགག་རྩ་ནི་ཐོན་ལས་དར་རྒྱས་གཏོང་རྒྱུར་ཐུག་ཡོད། རྣམ་གྲངས་དེ་དག་ལེགས་གྲུབ་བྱུང་ཚེ་ཆུ་ཤུར་རྫོང་གི་ལས་ཞུགས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་ཞིང་འབྲོག་པར་ལས་གཏོད་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་རེད།
(བདེ་དབང་དང་ཚེ་ཁོས་སྒྱུར་ཞུས་བྱས)