འདི་ལོའི་དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ། ལོ་65ལ་སླེབས་པའི་མོན་པ་རིགས་ཀྱི་ཨ་མ་ཀརྨ་མཚོ་མོ་ཡིས་སླར་ཡང་སླེ་པོ་རྒྱབ་ཏུ་ཁུར་ནས་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད། ཁོང་གིས་བང་སོའི་རྡོ་རིང་ཞིག་ལ་བྱིལ་བྱིལ་བྱེད་ཞོར་སྐད་ཤུགས་ཆུང་ངུས“ཁྱོད་ནི་ངའི་ཕྲུ་གུ་ཡིན་པས། ངས་ཚེ་གང་ཁྱོད་ལ་ལྟ་བར་ཡོང་གི་ཡིན”ཞེས་ལོ་21རིང་གི་འགྱུར་མེད་དམ་བཅའ་མཚོན་པར་བྱས།
བརྙན་ཐུང་འདི་དྲ་ཐོག་ཏུ་བསྟན་རྗེས་མི་མང་པོར་སེམས་འགུལ་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར། ཉེ་ཆར། བོད་ལྗོངས་ཉིན་རེའི་ཚགས་པར་ཀུན་འདུས་སྨྱན་སྦྱོར་གྱི་གསར་འགོད་པས་ཀརྨ་མཚོ་མོར་འབྲེལ་བ་བྱས་ཏེ། ཁོང་གིས་བརྗོད་པའི་མི་རིགས་མི་གཅིག་པའི་དབར་གྱི་མ་བུའི་ལྷད་མེད་བརྩེ་དུང་གི་སྐོར་ཉན་པར་སྤྲོ་བས་འཇུག་པ་ཡིན།
ལོ་20ལྷག་ཙམ་གོང་། ཧྲའན་ཤིས་ནས་ཡིན་པའི་ན་གཞོན་འཐབ་འཛིང་པ་རའོ་ཕིང་ནི“མེ་ཏོག་རྫོང་གི་མཐའ་སྲུང་དཔེ་བཟང་ཡིང་ཤོག”ཅིག་གི་པན་ཀྲང་ཡིན་པ་དང་། བཅའ་སྡོད་བྱེད་རིང་། རའོ་ཕིང་དང་འཐབ་འཛིང་པ་གཞན་ཚོས་རྟག་ཏུ་ས་གནས་དེ་གའི་མང་ཚོགས་ལ་ཁང་པ་རྒྱག་རོགས་དང་། ཞིང་ལས་བྱེད་རོགས། གློག་ཆས་བཟོ་རོགས་བཅས་བྱེད་ཀྱི་ཡོད། སྐབས་དེ་དུས་མེ་ཏོག་རྫོང་གི་འགྲིམ་འགྲུལ་སྟབས་བདེ་མེད་པས་དཔུང་སྡེར་འཚོ་བའི་དངོས་ཟོག་སྐྱེལ་རྒྱུ་དཀའ་ལས་ཁག་པོ་ཡིན་སྟབས། ཀརྨ་མཚོ་མོས་ཀྱང་དུས་ངེས་མེད་དུ་རང་ཁྱིམ་གྱིས་བཏབ་པའི་སྔོ་ཚལ་སོགས་ཁྱེར་ནས་དཔུང་སྡེའི་དཔོན་དམག་ལ་བསྐྱལ་བས་ཁོང་ཚོར་ལྟོ་ཆས་འདང་ངེས་བཟའ་རྒྱུ་བྱུང་ཞིང་། དེ་ལྟར་འགྲོ་འོང་ཐེངས་མང་བྱས་པའི་དབང་གིས་རའོ་ཕིང་ཀརྨ་མཚོ་མོའི་ཁྱིམ་གྱི་རྒྱུན་གཏན་མགྲོན་པོར་གྱུར།
རའོ་ཕིང་གིས་རང་ཉིད་ལ་སེམས་ནད་གང་ཞིག་ཡོད་པ་ཀརྨ་མཚོ་མོར་ཤོད་དགའ་བ་དང་། ཐེངས་ཤིག ཁོང་གིས་ངོ་ཚ་སྨིན་པོས“གལ་སྲིད་ང་ལ་ཨ་མ་གཉིས་ཡོད་པ་ལས་གཅིག་ཧྲའན་ཤིས་སུ་ཡོད་པ་དང་གཅིག་མེ་ཏོག་རྫོང་དུ་ཡོད་ན་དགའ་བ་ལ་ཨང”ཞེས་ཀརྨ་མཚོ་མོར་བཤད། ཀརྨ་མཚོ་མོས་འཕྲལ་མར་ན་གཞོན་འཐབ་འཛིང་པ་དེ་རང་ཉིད་ཀྱི་བུར་ངོས་འཛིན་པ་དང་། འཐབ་འཛིང་པ་གཞན་ཚོས་ཀྱང་རའོ་ཕིང་དང་མཉམ་དུ་ཀརྨ་མཚོ་མོ་ལ“ཨ་མ”ཞེས་འབོད།
ཀརྨ་མཚོ་མོས་ཁྱིམ་ལ་ཟས་ཞིམ་པ་གང་ཡོད་པ་སྔོན་ལ་རའོ་ཕིང་ལ་བསམ་བློ་གཏོང་བ་མ་ཟད། རྟག་ཏུ་རའོ་ཕིང་ལ་ཤིང་འབྲས་དང་ཤ་བསྙལ་མ་བསྐུར་བ་དང་། རའོ་ཕིང་གི་གོས་འཚེམ་རོགས་ཀྱང་བྱེད་ཀྱི་ཡོད།
ཀརྨ་མཚོ་མོའི་སེམས་ནང་། རའོ་ཕིང་ནི་སེམས་པ་བཟང་བའི་ཕྲུ་གུ་ཡག་པོ་ཞིག་དང་དཔའ་བོ་ཞིག་ཏུ་བརྩི་གི་ཡོད།
2004ལོའི་ཟླ་7ཚེས་7ཉིན། རའོ་ཕིང་དང་འཐབ་འཛིང་པ་ཚོ་འཆར་ཅན་བཞིན་སྐོར་གཡེང་ལ་འགྲོ་སྐབས་གློ་བུར་དུ་འདམ་རྡོའི་ཆུ་རུད་ཐོན་ནས་འཆི་གསོན་ལ་ཐུག་པ་དང་། ཁོང་གིས་འགྲམ་གྱི་འཐབ་འཛིང་པ་བསྐྱབས་ཡོད་ནའང་རང་ཉིད་འདམ་རྡོའི་ཆུ་རུད་ནང་ཚུད་དེ་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བ་རེད།
རའོ་ཕིང་གི་ཕུང་པོ་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྦས་ཡོད། ལོ་གཅིག་གི་རྗེས་སུ། ཀརྨ་མཚོ་མོས་རང་ཁྱིམ་སྡི་གདོང་གྲོང་ཚོ་ནས་བར་ཐག་སྤྱི་ལེ་14ཆོད་པའི་འབྲས་སྤུངས་གྲོང་ཚོར་སྤོས་པ་དང་། ལོ་ལྟར་ཁོང་གིས་རའོ་ཕིང་གིས་རྒྱུན་དུ་དགའ་པོ་བྱེད་པའི་བག་ལེབ་དང་ཤ་བསྙལ་མ་ཁྱེར་ནས་ལྟ་བར་འགྲོ་བ་མ་ཟད། བང་སོའི་མདུན་གྱི་རྩྭ་ངན་འཐུ་གི་ཡོད།
2013ལོར། བུ་ཕྲུག་ཚོས་ཀརྨ་མཚོ་མོར་ཆ་རྐྱེན་དེ་བས་ལེགས་པའི་མེ་ཏོག་རྫོང་གྲོང་དུ་སྤོས་ནས་འཚོ་བ་བསྐྱལ་ན་ཡག་པོ་ཡོད་ཚུལ་བཤད་ཀྱང་། ཁོང་གིས་མོས་མཐུན་བྱ་རྒྱུ་ལྟ་ཞོག ད་དུང་འདིར་རའོ་ཕིང་གི་བང་སོ་སྲུང་ནས་སྡོད་རྒྱུའི་ཐག་བཅད།
2017ལོར། མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་ཐུབ་སྟེ་རའོ་ཕིང་གི་ཨ་མ་ཧྲའན་ཤིས་ནས་མེ་ཏོག་རྫོང་དུ་ཐེངས་དང་པོ་སླེབས་ཡོད། ཀརྨ་མཚོ་མོ་དང་ཁོང་བང་སོའི་མདུན་དུ་འཐམས་ནས་ངུ་ཤོར་བ་རེད། ཀརྨ་མཚོ་མོས་རའོ་ཕིང་གི་ཨ་མའི་ལག་ནས་འཇུས་ཏེ“ཁྱེད་ཀྱི་ཕྲུ་གུ་ནི་ངའི་བུའང་ཡིན་པས། ངས་ཁྱེད་ཀྱི་ཚབ་བྱས་ཏེ་བང་སོ་སྲུང་གི་ཡིན”ཞེས་བཤད།
ད་ཆ་མགོ་སྐྲ་དཀར་པོར་གྱུར་ཡང་། ཀརྨ་མཚོ་མོས་སྔར་བཞིན་ལོ་ལྟར་རའོ་ཕིང་གི་བང་སོར་དུར་ཕྱགས་བྱེད་པར་འགྲོ་གི་ཡོད། བང་སོའི་རྡོ་རིང་མདུན་དུ་ཁོང་གིས“མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་ཐུབ་པས་ད་ནས་བཟུང་དགའ་ལུང་ལ་བརྒལ་དགོས་མེད། ཁྱེད་ཀྱི་གཅུང་མོ་པད་མ་དགེ་རྒན་ཞིག་ཏུ་གྱུར་སོང”ཞེས་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐོར་རའོ་ཕིང་ལ་ཤོད་ཀྱི་ཡོད།
ལོ་ལྟར་གྱི་དྭངས་གསལ་དུས་ཚིགས་སླེབས་ཉེའི་མཚམས་སུ། རའོ་ཕིང་གི་ཨ་མས་ཁྱིམ་གྱི་འཚོ་བའི་འགྱུར་ལྡོག་བརྗོད་པའི་བརྙན་ཐུང་བཟོས་ནས་ཀརྨ་མཚོ་མོར་བཏང་སྟེ། རང་ཉིད་ཀྱི་ཕྲུ་གུའི་བང་སོའི་མདུན་ལ་སྟོན་རོགས་ཞུ་གི་ཡོད། ཁ་པར་གྱི་ཕར་ཕྱོགས་ནས། ཀརྨ་མཚོ་མོས་ངག་འཇམ་པོས“རའོ་ཕིང་། ཁྱེད་རང་བློ་བདེ་པོ་བྱོས། ཨ་མ་གཉིས་ཀྱིས་ཁྱེད་རང་རྟག་ཏུ་དྲན་བཞིན་ཡོད། ངེད་གཉིས་ལོ་རྒས་ནའང་འཚོ་བ་བདེ་ཞིང་སྐྱིད་པོ་འདུག་པས་སེམས་ཁྲལ་བྱེད་མི་དགོས”ཞེས་བཤད།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་རིང་བུ་ཁྲིད་དང་པ་ཚེས་ཞུས)