《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月09日

བོད་འགྱུར་བྱིས་སྒྲུང་གི་ལོ་ཙཱའི་ཐབས་ལམ་སྐོར་རགས་ཙམ་གླེང་བ།

དང་པོ། བོད་འགྱུར་བྱིས་སྒྲུང་གི་ལོ་ཙཱའི་གལ་ཆེན་རང་བཞིན་སྐོར།

སྤྱིར་ལོ་ཙཱ་ནི་མི་རིགས་གང་དེའི་རིག་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ཞིང་། རིག་གནས་དེ་ལ་བརྟེན་ནས་རང་གྱི་སྔར་ཡོད་རིག་གནས་ལ་མེད་པ་ཁ་གསབ་དང་ཡོད་པ་ལེགས་བསྒྱུར་གྱིས་དེ་ཉིད་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་རེད། དེའི་ཕྱིར་བདག་ཅག་གི་བྱིས་སྒྲུང་ལོ་ཙཱ་ཡང་དེ་ལས་མ་འདས་པར་རྒྱལ་ནང་དང་ཕྱི་གླིང་གི་ཕུལ་བྱུང་བྱིས་སྒྲུང་དག་བོད་ཡིག་ལ་བསྒྱུར་ནས་བོད་རང་གི་བྱིས་སྒྲུང་གསར་རྩོམ་དང་དག་སྒྲིག་ལ་ཡར་སྐུལ་གྱི་ནུས་པ་འདོན་དགོས་པ་ནི་ང་ཚོའི་འགན་འཁྲི་ཞིག་ཏུ་འཁུམས། ཡིན་ན་ཡང་ལོ་ཙཱའི་བྱ་བ་ལ་འཇུག་པར་རང་སྣང་གང་ཤར་གྱིས་འདོད་རྒྱལ་དུ་བསྒྱུར་ཆོག་པ་ཞིག་མ་ཡིན་པར། གོ་རིམ་དེའི་ཁྲོད་མི་རིགས་རང་གི་སྐད་ཀྱི་གོམས་གཤིས་དང་བརྡ་སྤྲོད་ཀྱི་ལུགས། མིང་བརྡ་གཅིག་གྱུར་སོགས་གཞི་རྩའི་གནད་དོན་གང་མང་གཙིགས་སུ་འཛིན་དགོས་སོ།

ཡིན་ན་ཡང་བོད་ཀྱི་ད་ལྟའི་བྱིས་སྒྲུང་ལོ་ཙཱའི་ཁྲོད་དུ་ད་དུང་གནད་དོན་མང་དག་ཅིག་འདུག་པས། སུ་ཡིན་ཡང་འདིའི་སྐོར་ལ་བསམ་གཞིག་བྱེད་པའི་དགོས་པ་ཤིན་ཏུ་ཆེ་ལ། ནར་མ་སོན་པའི་དཔྱད་རྩོམ་ཐུང་ངུ་འདི་བརྒྱུད་ནས་རྣམ་དཔྱོད་ཀྱི་རྩལ་ཡངས་པའི་མི་བུ་མང་པོའི་བློ་ཁ་འདི་ཕྱོགས་སུ་བསྒྱུར་བར་ཕན་ནུས་ཏིལ་འབྲུ་ཙམ་ཞིག་ཨེ་ཐོན་ལ་རེ་བ་ཆེའོ།

བྱིས་སྒྲུང་ནི་མི་རིགས་ཤིག་ལ་མཚོན་ན་མེད་དུ་མི་རུང་བའི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེས་མི་ཞིག་གི་འཇིག་རྟེན་གྱི་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ་སོགས་ལེགས་པོ་ཞིག་ཐོག་མའི་རྨང་གཞི་འདིང་ཐུབ་ཅིང་། དེ་བཞིན་བྱིས་སྒྲུང་ནང་དུ་ཧ་ཅང་ཡིད་མཚར་བའི་རྫུ་འཕྲུལ་དང་དགོད་བྲོ་བའི་གཏམ་ལྷག་པར་དུ་འཇིག་རྟེན་གྱི་གནས་ལུགས་ཟབ་མོ་བསྟན་ཡོད།

དེ་ཡང་བྱིས་པ་ནི་མི་རིགས་ཤིག་གི་མ་འོངས་ཀྱི་རེ་མདུན་བཅོལ་ས་ཡིན་པས་ཁོ་ཚོ་བདེ་ཐང་ངང་གསོ་སྐྱོང་བྱ་རྒྱུའི་ཐད་ནུས་ཤུགས་འདོན་རྒྱུ་ནི་ང་ཚོ་རྒན་རབས་པའི་འོས་འགན་རེད།

དེར་བརྟེན་ཁོ་ཚོ་ལ་ཡོངས་སུ་འཚམ་པའི་རིག་གནས་ཀྱི་རྨང་གཞི་འདིང་བ་དང་ཆུང་དུས་ནས་རིག་གནས་ལ་རྒྱུས་ལོན་བྱེད་པའི་གོམས་གཤིས་གསོ་སྐྱོང་བྱེད་པའི་ཁར་རང་མི་རིགས་ཀྱི་རིན་ཐང་ཆེ་བའི་དམངས་ཁྲོད་ཀྱི་བྱིས་སྒྲུང་བསྡུ་སྒྲིག་བྱས་ཏེ་བྱིས་སྒྲུང་ལོ་ཙཱ་འགངས་ཆེར་འཛིན་རྒྱུ་ཧ་ཅང་གལ་ཆེ།

གཅིག བྱིས་པའི་ཤེས་རིག་གི་སྒོ་མོ་འབྱེད་པ་དང་སློབ་གསོ་ལ་ཕན་པ།

བྱིས་པ་ནི་འཇིག་རྟེན་འདིར་སླེབས་ཐེངས་དང་པོ་ཡིན་ལ་ཐེངས་དང་པོར་འཇིག་རྟེན་གྱི་བྱ་དངོས་མཐའ་དག་དང་འབྲེལ་འདྲིས་བྱེད་པའི་སྐབས་ཤིག་ཀྱང་ཡིན། ཐོག་མར་འཇིག་རྟེན་འདི་རྒྱུས་ལོན་མེད་པས་ཧ་ཅང་ཡིད་མཚར་བའི་ཤེས་འདོད་དང་རིག་འདོད་ཆེ་བ་མ་ཟད་དོགས་སློང་ཡང་མི་ཉུང་བ་ཞིག་ཡོད། དེ་བཞིན་ཁོ་ཚོའི་ཐོག་མའི་ཤེས་རིག་གི་འབྱུང་ཁུངས་ནི་ཕ་མའི་ཁ་ཏ་སློབ་གསོ་དང་དཔེ་དེབ་ཐོག་གི་བྱིས་སྒྲུང་སོགས་རེད། བྱིས་སྒྲུང་ལ་རྫུ་འཕྲུལ་དང་། འུད་བརྗོད། དེ་བཞིན་སྒྲོ་བཏགས་བཅས་མང་བས་བྱིས་པའི་སེམས་ཁམས་དང་ཡོངས་སུ་མཐུན་ལ་བྱིས་སྒྲུང་དེ་དག་བརྒྱུད་བྱིས་པར་སྔར་ལས་ལྷག་པའི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་ཐུབ་པ་དང་ཆབས་ཅིག ལྟ་རྒྱ་དང་མཐོང་རྒྱ་ཇེ་ཆེར་གཏོང་ཐུབ་པས་གསར་གཏོད་ཀྱི་བསམ་བློ་དང་བློ་སྒོ་གསར་པ་འབྱེད་ཐུབ་པ་མ་ཟད་འཇིག་རྟེན་གྱི་གནས་ལུགས་གསར་པ་མང་དག་ཅིག་རྟོགས་ཐུབ།

གཉིས། ཁ་སྐད་གཅིག་གྱུར་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་པ།

རང་རེའི་བྱིས་སྒྲུང་ནི་རང་མི་རིགས་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་རེད། བྱིས་སྒྲུང་ལོ་ཙཱ་འགངས་ཆེན་དུ་བརྩིས་ནས་དམངས་ཁྲོད་བྱིས་སྒྲུང་གི་ཚད་གཞི་ངེས་ཅན་ཞིག་གཏན་འབེབས་བྱས་ཏེ་བསྡུ་སྒྲིག་དང་དར་སྤེལ་བཏང་ན་མདོ་དབུས་ཁམས་གསུམ་གྱི་བྱིས་པས་མི་གོ་བའི་བཀག་རྒྱ་སྒྲོལ་ཐུབ་པ་མ་ཟད་ལྷག་པར་དུ་བོད་སྤྱི་ཡོངས་ཀྱི་ཁ་སྐད་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་ཐུབ། དེང་སྐབས་ཡིག་སྒྱུར་སྤྱི་དང་ལྷག་པར་དུ་བྱིས་སྒྲུང་གི་འགྱུར་ཡིག་འགའ་ལ་ལོ་ཙཱ་བ་སོ་སོའི་ཡུལ་སྐད་སྤྱོད་མང་བར་བརྟེན་དབུས་གཙང་གིས་བསྒྱུར་བ་ཁམས་ཀྱི་བྱིས་པས་མི་གོ་བ་དང་ཁམས་ནས་བསྒྱུར་བ་དབུས་གཙང་གི་བྱིས་པས་མི་གོ་བའི་གནས་ཚུལ་ཐོན་གྱི་ཡོད་པས་ཁོ་མོའི་བསམ་པར་བྱིས་སྒྲུང་ལོ་ཙཱ་བས་ཡིག་སྒྱུར་སྐབས་ཡིག་སྐད་ཀྱི་ཕལ་སྐད་སྤྱོད་རྒྱུར་དོ་སྣང་བྱེད་དགོས་པ་གལ་ཆེ་བར་བསམ་མོ། དེ་ལྟར་བྱུང་ན་གནས་ཚུལ་དེ་རིགས་མི་ཐོན་པར་ཕན་པ་ཆེའོ།

གཉིས་པ། བོད་འགྱུར་བྱིས་སྒྲུང་གི་ལོ་ཙཱའི་ཐབས་ལམ།

གཅིག བོད་འགྱུར་བྱིས་སྒྲུང་གི་ལོ་ཙཱའི་ཚད་གཞི།

ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ལོ་པཎ་རྣམས་ཀྱི་བཀའ་བསྟན་མདོ་ཕྱོགས་ཀྱི་བསྒྱུར་བྱེད་ཀྱི་ལོ་ཙཱའི་གཞུང་ལུགས་ཐོག་མ《སྒྲ་སྦྱོར་བམ་གཉིས》གཏན་འཁེལ་བྱས་པ་དང་། དུས་དེ་ནས་བཟུང་བོད་ཀྱི་ལོ་ཙཱའི་གཞུང་ལུགས་དེ་ཆ་ཇེ་ཚང་དང་ཇེ་ལེགས་སུ་སོང་། དེ་ཡང་གཞུང་དེ་ཉིད་ལས། “དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལའང་གོ་བདེ་བར་གྱིས་ཤིག”ཅེས་གསུངས་ཡོད་པ་བཞིན་འདི་ནི་ལོ་ཙཱའི་རྩ་དོན་གལ་ཆེན་ཞིག་ཏུ་འཛིན་ཆོག

བྱིས་སྒྲུང་ནི་ཕྲུ་གུ་ཚོས་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བའི་སྒེའུ་ཁུང་ལྟ་བུར་སོང་གཤིས། བྱིས་པའི་ལོ་ཚད་དང་སེམས་ཁམས་ཀྱི་ཁྱད་ཆོས་དང་བསྟུན་ནས་བསྒྱུར་རྒྱུ་གལ་ཆེ། བྱིས་པའི་ངོས་ནས་བཤད་ན། ཁོ་ཚོའི་སེམས་ཁམས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཡ་མཚན་དང་། ཤེས་འདོད་པ། འཆར་སྣང་ལ་དགའ་བ་བཅས་ཡིན།

དེར་བརྟེན། བྱིས་སྒྲུང་གཏམ་རྒྱུད་ཀྱིས་བྱིས་པའི་ཡ་མཚན་གྱི་སེམས་པ་སྐོང་ཐུབ་པ་དང་། འབྱུང་རིམ་གསོན་ཉམས་ལྡན་པ། མི་སྣ་ཁ་གསལ་བ། སྐད་ཆ་གོ་སླ་བ་བཅས་བྱས་ཏེ། བྱིས་པའི་བསམ་པའི་སྒུལ་ཤུགས་དང་གསར་གཏོད་ཀྱི་ནུས་པ་སྐུལ་སློང་བྱེད་ཐུབ།

གསུམ། དབུས་གཙང་གི་སྐད་གཙོ་བོར་བཟུང་ནས་བྱིས་སྒྲུང་སྒྱུར་བཟོ་བྱེད་དགོས།

དེང་གི་བོད་འགྱུར་རིས་དེབ་འགའ་ཤས་ལ་གཅིག་གྱུར་གྱི་ཡིག་སྐད་མེད་པ་དང་། བོད་རང་གི་ཡུལ་སྲོལ་གོམས་གཤིས་ཀྱི་འགྲོས་བཞིན་བསྒྱུར་མེད་པ། འགྱུར་ཡིག་འགའ་བྱིས་པས་གོ་དཀའ་བ་སོགས་ཀྱི་གནད་དོན་འཕྲད་ཡོད། འདིའི་ཐད་ང་ཚོས་དོ་སྣང་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ།

ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་དང་། མི་ཚོགས་འདུ་སའི་གནས་གཙོ་བོ་ཡིན་པས་དབུས་གཙང་གི་སྐད་སྤྱོད་གོ་ཆེ་ལ་གོ་བདེ་བས། དབུས་གཙང་སྐད་ཀྱི་གདངས་ནས་ནམ་རྒྱུན་བྱིས་པ་ཚོའི་རྒྱུན་སྤྱོད་ཐ་སྙད་དང་སྐད་ཆའི་སྦྱོར་བ་སོགས་ལ་བསྟུན་ནས་བསྒྱུར་ན་ལེགས་སྙམ། དཔེར་ན། 《ཆི་ཞོན་ཝང་གི་གཞུ》ལས།

མ་ཡིག“公明仪气坏了,故意弹出蚊子嗡嗡的叫声和小牛受惊的叫唤声。那牛起先竖起耳朵静静地听,接着连草也不吃就跑了。འགྱུར་མ་ལས”ཞེས་པ་ཀུང་མེང་དབྱི་ཁོང་ཁྲོ་གཏིང་ནས་ལངས་ཤིང་། བསམ་གཟས་ནས་ཨ་ང་ཙིའི་འཛིང་སྒྲ་དང་བེའུ་ཕྲུག་སྐྲག་པའི་ངུར་སྒྲ་དཀྲོལ་རྡུང་བྱས་པས། བ་གླང་གིས་དང་ཐོག་རྣ་བ་བླགས་ནས་ཁ་རོག་གེར་ཉན་གྱིན་ལ། དེ་ནས་རྩྭ་ཡང་མི་ཟ་བར་ཕྱིར་བྲོས་སོང་ཞེས་བསྒྱུར་འདུག

དེའི་ནང་གི“བསམ་གཟས་ནས་ཨ་ང་ཙིའི་འཛིང་སྒྲ་དང་བེའུ་ཕྲུག་སྐྲག་པའི་ངུར་སྒྲ་དཀྲོལ་རྡུང་བྱས་པས”ཞེས་བསྒྱུར་ཡོད་པར། མ་ཡིག་དང་འགྱུར་ཡིག་གི་ནང་དོན་དང་མི་མཐུན་པ་དང་དབུས་གཙང་སྐད་ཀྱི་འགྲོས་ལ་བསྟུན་ནས་བསྒྱུར་མེད་པ་མ་ཟད་ད་དུང“故意”ལ“བསམ་གཟས”ཞེས་བསྒྱུར་འདུག ཚིག་དེ་སུས་ཀྱང་གོ་དཀའ་བས་ཡུལ་སྐད་ཡིན་པ་སྙམ། དེ་ལས“རྐང་བཙུགས”ཞེས་བསྒྱུར་ན་ཅུང་ལེགས་པ་མེད་ན་སྙམ། ད་དུང“ 蚊子”ཞེས་པ་དེ“ཨ་ང་ཙི”ལ“དུག་སྦྲང”ཞེས་བསྒྱུར་ན་ལེགས་སྙམ། མ་ཡིག་ནང་གི“小牛”ཞེས་པ་དེ“བེའུ”ཞེས་པ་ཐད་ཀར་མཚོན་ཐུབ་སྟེ་བེའུ་ཞེས་པའི་ཐ་སྙད་དེ་བོད་ཀྱི་སྐད་ནང་ཡོད་ལ་ལོ་ན་ཆུང་བའི་ཕྱུགས་ཀྱི་དོན་ཡིན། དཔེར་ན། རའི་ཕྲུག་ལ་རེའུ་ཞེས་འབོད་པ་ལྟ་བུ།

སྔོན་བྱོན་ལོ་པཎ་རྣམས་ཀྱིས་དཀའ་བ་ཁྱད་དུ་བསད་ནས་ཡིག་སྒྱུར་གྱི་མཛད་རྣམ་དཔེ་མི་སྲིད་པ་དར་སྤེལ་བཏང་ཡོད་ལ་ཁོང་རྣམས་ཀྱིས་བཀའ་དྲིན་ནི་ང་ཚོ་རྗེས་རབས་པ་རྣམས་ཀྱིས་ག་ལ་བརྗེད་རུང་། བདག་དང་འདྲ་བའི་སྐྱེ་བོ་མང་པོ་ཞིག་གིས་ལོ་ཙཱའི་བྱ་བཞག་ལ་འབད་པ་ཧུར་ལེན་བྱས་ནས་རང་མི་རིགས་ཀྱི་རིག་གནས་གོང་སྤེལ་གཏོང་རྒྱུའི་རེ་བ་ཟབ་མོ་ཡོད།

(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་2021ལོའི་ཡིག་སྒྱུར་འཛིན་གྲྭའི་ཚེ་རིང་སྒྲོལ་མ)