དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ཁྲོམ་རའི་ཁོར་ཡུག
ལེའུ་གསུམ་པ། སྲིད་དོན་ཞབས་ཞུ།
ལེའུ་བཞི་པ། ལྟ་སྡོམ་ཁྲིམས་སྒྱུར།
ལེའུ་ལྔ་པ། ཁྲིམས་སྐྱོང་འགན་སྲུང་།
ལེའུ་དྲུག་པ། ཞར་བྱུང་།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2024〕ཡིག་ཨང་12པ།
《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》འདི་2024ལོའི་ཟླ་9ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2025ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་ཆེད་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་
རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2024ལོའི་ཟླ་9ཚེས་26ལ།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། སྲིད་འཛིན་དབང་ཆ་ཚད་ལྡན་བེད་སྤྱོད་བྱས་ནས་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དེ་བས་དྲང་གཞག་དང་གསོན་ཤུགས་ལྡན་པའི་ཁྲོམ་རའི་ཁོར་ཡུག་ཅིག་བཏོད་དེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆོག་འཐུས་བཅའ་ཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་སྤེལ་བར། སྲོལ་ཡིག་འདི་སྤྱད་ན་འཐུས།
སྲོལ་ཡིག་འདིའི་ནང་བརྗོད་པའི་ཚོང་གཉེར་ཁོར་ཡུག་ཅེས་པ་ནི། ཁེ་ལས་དང་། སྒེར་གཉེར་བཟོ་ཚོང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་སོགས་ཁྲོམ་རའི་བྱེད་པོས་ཁྲོམ་རའི་དཔལ་འབྱོར་བྱེད་སྒོ་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་རྒྱུ་རྐྱེན་དང་ཆ་རྐྱེན་ལ་ཟེར།
དོན་ཚན་གསུམ་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ངེས་པར་དུ་འདྲ་མཉམ་སྲུང་སྐྱོབ་དང་། ཡོངས་བསྒྲགས་གཞུང་དྲང་། ཟོལ་མེད་ཡིད་རྟོན། སྤྱོད་གཙང་ཕྱོད་ཆེ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས། ཁྲོམ་རའི་བྱེད་པོའི་དགོས་མཁོས་ཁྲིད་ཕྱོགས་དང་། སྲིད་གཞུང་འགན་ནུས་ལ་འགྱུར་བ་ཤུགས་ཆེ་གཏོང་རྒྱུས་གཙོ་གནད། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ། སྲིད་གཞུང་གི་ནུས་པ་དེ་བས་འདོན་སྤེལ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད། སྲིད་དོན་ཞབས་ཞུ་སྒྲུབ་ནུས་དང་ཆུ་ཚད་མཐོར་གཏོང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་བ། ཁྲོམ་རའི་བྱེད་པོའི་མ་འཇོག་ལས་རིགས་དར་སྤེལ་བཅས་ལ་བརྟེན། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྔོན་སྤེལ་ཁུལ་ཧུར་ཐག་བཏོད་དེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ།
དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་ཀའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་ཁྲོད་ཀྱི་གལ་ཆེའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ། ཁྲོམ་རའི་བྱེད་པོ་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་ནི་སྲིད་འཛིན་ས་ཁོངས་དེ་ག་དང་སྡེ་ཚན་དེ་གའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀའི་འགན་འཁུར་བ་ཨང་དང་པོ་ཡིན།
དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གཙོ་འགན་སྡེ་ཚན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཕྱོགས་བསྡུས་མཐུན་སྦྱོར་དང་། གཅིག་གྱུར་སྐུལ་འདེད། ཞབས་ཞུར་མཛུབ་ཁྲིད་སོགས་བྱེད་པའི་འགན་འཁུར་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན་གཞན་དག དེ་བཞིན་ལྟ་ཞིབ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་ངེས་པར་དུ་རང་རང་སོ་སོའི་འགན་ཁོངས་ནང་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་། དེ་བཞིན་གསར་སྤེལ་ཁུལ་དང་། མཐོ་གསར་ཁུལ། ཐོན་ལས་སྡེ་གླིང་སོགས་རིགས་ཁག་གི་བྱེད་ནུས་དོ་དམ་ཚན་པས་ངེས་པར་དུ་ས་ཁོངས་དེ་གའི་ནང་གི་ཁྲོམ་རའི་བྱེད་པོར་ཞབས་ཞུ་བསྒྲུབ་རྒྱུ་སོགས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་ཁག་ཁྲིམས་ལྟར་ཡག་པོ་སྒྲུབ་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་དེ་ལོ་འཁོར་མོའི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་ནང་འཇུག་རྒྱུ་མ་ཟད། བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པའི་སྡེ་ཚན་དང་། ཚན་པ། མི་སྒེར་བཅས་ལ་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་སྤྲོད་རྒྱུ་དང་། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་མཁན་གྱི་སྡེ་ཚན་དང་། ཚན་པ། མི་སྒེར་བཅས་ཀྱི་འགན་འཁྲི་གཏན་འབེབས་ལྟར་རྩད་གཅོད་བྱེད་དགོས།
དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་གི་ལྟ་སྐུལ་བའི་ལམ་ལུགས་བཙུགས་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ལས་རིགས་མཐུན་ཚོགས་ཀྱི་འཐུས་མི། ཁྲོམ་རའི་བྱེད་པོའི་འཐུས་མི་སོགས་འགན་བབས་ལྟ་སྐུལ་པར་གདན་ཞུས་ཀྱིས། སྤྱི་ཚོགས་ལས་རིགས་ཁག་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་ཀའི་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་བསྡུ་རུབ་དང་གསལ་ཞུ་བྱ་རྒྱུ་མ་ཟད། དྲང་གཞག་ལྟ་སྐུལ་དང་གདེང་འཇོག་བྱེད་པའི་བསམ་འཆར་འདོན་དགོས།
རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མར་ཚོང་གཉེར་ཁོར་ཡུག་ལ་གནོད་པའི་བྱེད་སྤྱོད་ཐེར་འདོན་བྱེད་དབང་ཡོད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་གཙོ་གཉེར་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་ཐེར་འདོན་བྱེད་ལམ་བཟོས་ནས། སྤྱི་ཚོགས་ཐོག་ཐེར་འདོན་བྱེད་སའི་དྲ་ཚུགས་དང་། ཁ་པར། འཕྲིན་གཏོང་ས་གནས། གློག་རྡུལ་སྦྲག་བསྐུར་ས་གནས་སོགས་ཁྱབ་བསྒྲགས་བྱེད་དགོས། ཐེར་འདོན་འབྱོར་རྗེས་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་མ་ཟད། ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ཕྱིར་གྱར་མི་རུང་།
དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཙོ་ཆེའི་དྲ་ཚུགས་དང་རང་སྐྱོང་ལྗོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་སོགས་མངོན་གསལ་དོད་སར་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཆེད་དམིགས་ཁུལ་བཙུགས་ཏེ། སྨྱན་སྦྱོར་བརྒྱུད་ས་ཁུལ་དེ་ག་དང་ཁྱབ་ཁོངས་དེ་གའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་། གསར་གཏོད་ཀྱི་ཉམས་མྱོང་། དཔེ་མཚོན་གྱི་ལས་སྟངས། དེ་བཞིན་ཁྲོམ་རའི་བྱེད་པོ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་དོན་དངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཁྲིམས་སྐྱོང་མ་ལག་ཁྲོད་ཀྱི་ཞིབ་ཕྲའི་ལག་ལེན་བསྟར་འཐུས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཉམས་མྱོང་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་མ་ཟད། སྤྱོད་གོ་ཆོད་པའི་བསྒྱུར་བཅོས་བྱེད་ཐབས་ཕྱོགས་བསྡོམས་དང་ཁྱབ་གདལ་གཏོང་དགོས། འཚོལ་ཞིབ་བྱེད་པའི་ཁྲོད་ནོར་འཛོལ་ལམ་ཡང་ན་ཡོ་ཁྱད་ཅི་རིགས་བྱུང་ཡང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་བསྒྱུར་བཅོས་བྱེད་ཕྱོགས་དང་མཐུན་པ་དང་། ཇུས་ཐག་གཅོད་རིམ་གཏན་འབེབས་དང་མཐུན་པ་མ་ཟད། རང་འགན་གཙང་སྒྲུབ་དང་སྒེར་ཕན་མི་གཉེར་བའི་རིགས་ལ། ཁྲིམས་ལྟར་འགན་འདེད་མི་བྱེད་པའམ་ཡང་ན་འགན་འདེད་ཁུར་པོ་ཡང་དུ་གཏོང་དགོས།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཁྲོམ་རའི་བྱེད་པོ་དང་སྤྱི་ཚོགས་སྤྱི་དམངས་བློ་ཡིད་ཚིམ་ཚད་དེ་ཁྲིད་ཕྱོགས་སུ་བྱས་པའི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། དུས་བཀག་ལྟར་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱ་རྒྱུ་དང་། ཚོང་གཉེར་ཁོར་ཡུག་གདེང་འཇོག་གིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་སྣེ་ཁྲིད་དང་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས།
ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱེད་སྐབས། ས་ཁུལ་དང་སྡེ་ཚན་ཁག་གི་རྒྱུན་གཏན་ལས་དོན་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་པ་མ་ཟད། ཁྲོམ་རའི་བྱེད་པོའི་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་རྐྱེན་མི་ཐེབས་པར་བྱེད་པའམ་ཡང་ན་ཁྲོམ་རའི་བྱེད་པོའི་ཁུར་པོ་ལྕི་རུ་བཏང་མི་ཆོག ཚན་པ་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱེད་པའི་ཐོག་ནས་ཁེ་ཕན་དོན་གཉེར་བྱེད་མི་ཆོག
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱས་པའི་འབྲས་བུར་གཞིགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས།
དོན་ཚན་བཅུ་གཅིག་པ། ཁྲོམ་རའི་བྱེད་པོའི་རྒྱུ་ནོར་གྱི་བདག་དབང་དང་། གཉེར་སྐྱོང་གི་རང་དབང་། མི་བཀོལ་སྤྱོད་བྱེད་དབང་སོགས་ཁྲིམས་མཐུན་ཁེ་དབང་གཞན་དག་དང་། དེ་བཞིན་ཁེ་ལས་གཉེར་སྐྱོང་པའི་མི་ལུས་དང་རྒྱུ་ནོར་གྱི་བདག་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས་པ་ལས། ཚན་པ་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་དེར་བཙན་གནོད་བྱེད་མི་ཆོག
དོན་ཚན་བཅུ་གཉིས་པ། ཁྲོམ་རའི་བྱེད་པོས་ངེས་པར་དུ་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ། སྤྱི་ཚོགས་ཀྱི་སྤྱི་སྤྱོད་དང་ཚོང་ལས་ཀྱི་ཀུན་སྤྱོད་ནན་པོ་སྲུང་བ། དེ་བཞིན་བདེ་འཇགས་དང་སྤུས་ཚད། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་ཁྲིམས་བཅད་འོས་འགན་བསྒྲུབས་ཏེ། ཁ་དན་ཚིག་གནས་ཀྱིས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་དགོས།
ལེའུ་གཉིས་པ། ཁྲོམ་རའི་ཁོར་ཡུག
དོན་ཚན་བཅུ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ཁྲོད་ས་གནས་དེ་གའི་ཁྲོམ་ར་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རའི་ཞུགས་འཐུས་བཀག་རྒྱའི་གསལ་ཐོ་ལག་བསྟར་ནན་པོ་བྱེད་པ། ཁྲོམ་རའི་རྨང་གཞིའི་ལམ་ལུགས་ཀྱི་སྒྲིག་སྲོལ་དང་ཁྲོམ་རར་གཅིག་གྱུར་ལྟ་འདོམས་བྱེད་པ། ཁྲོམ་རའི་སྒྲིག་བཀོད་ཚད་ལྡན་སྦྲེལ་མཐུད་བྱེད་པ་ལས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་རའི་ཞུགས་འཐུས་བཀག་རྒྱའི་གསལ་ཐོ་ཕུད། ཞུགས་འཐུས་ཀྱི་ཆ་རྐྱེན་ནམ་ཡང་ན་ཁྲོམ་རའི་བྱེད་པོའི་འོས་ཐོབ་དང་། མ་དངུལ། ལས་ཡུལ་སོགས་ཐད་ལུགས་མཐུན་མིན་པའི་ཆ་རྐྱེན་བཟོ་འདོན་བྱེད་མི་ཆོག
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁྲོམ་རར་ཞུགས་འཐུས་དང་། གཙོ་རྒྱུ་བགོ་སྒྲིག འོས་སྐུལ་འོས་དཔོད། སྲིད་གཞུང་གི་ཉོ་སྒྲུབ། སྤྱི་པའི་ཞབས་ཞུ། ཚོང་དོན་ཞབས་ཞུ། ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་དང་སྲིད་ཇུས། དངུལ་རྩའི་ཞབས་ཞུ། ཁྲོམ་ར་ནས་ཕྱིར་འཐེན་སོགས་བྱེད་པའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས། ས་གནས་སྲུང་སྐྱོབ་བྱེད་པ་དང་། དམིགས་འཛུགས་ཉོ་ཚོང་བྱེད་པ། མངོན་མེད་ཀྱི་བཀག་རྒྱ་བཟོ་བ་བཅས་གཏན་འགོག་བྱེད་དགོས་པ་མ་ཟད། ཁྲིམས་འགལ་གྱིས་འགྲན་རྩོད་བྱེད་མཁན་ཕྱིར་འབུད་དང་ཚད་བཀག་བཟོ་བ་སོགས་ཀྱི་ཆ་རྐྱེན་བཟོ་འདོན་བྱེད་རིགས་གཏན་འགོག་བྱེད་དགོས།
དོན་ཚན་བཅུ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རིགས་ཁག་གི་ཁྲོམ་རའི་བྱེད་པོས་ཁྲིམས་ལྟར་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པར་འགན་སྲུང་བྱས་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གོང་འཕེལ་ཐད་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁག་འདྲ་མཉམ་ངང་སྤྱོད་ཐུབ་པ་བྱ་རྒྱུ་མ་ཟད། མ་དངུལ་དང་། ས་ཆ་སྤྱོད་དབང་། ལག་རྩལ། མི་ཤུགས་ཐོན་ཁུངས། གྲངས་གཞིའི་ཐོན་ཁུངས། ཆུ་གློག་རླངས་དྲ་སོགས་ཐོན་སྐྱེད་གཙོ་རྒྱུ་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་འདྲ་མཉམ་ངང་སྤྱོད་ཐུབ་པ་བྱེད་དགོས།
དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཚོང་འགུགས་མ་འདྲེན་བྱེད་སྐབས། ཁས་ལེན་བྱས་པའི་མ་འཇོག་སྲིད་ཇུས་དང་གཟིགས་སྐྱོང་ཆ་རྐྱེན་ཁག་ངེས་པར་དུ་ཡིག་ཐོག་ནས་འབྲི་འགོད་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་མི་ཆོག་ལ། ཁྲིམས་བཅད་འགན་དབང་གི་ཁྱབ་ཁོངས་ལས་བརྒལ་མི་ཆོག ཁྲོམ་རའི་བྱེད་པོས་ཚོང་འགུགས་མ་འདྲེན་གྱི་གལ་ཆེའི་རྣམ་གྲངས་རིགས་ཀྱི་ཁེ་ལས་ཐོ་འགོད་དང་། རྣམ་གྲངས་མཆན་འགོད། ཐོན་སྐྱེད་ཀྱི་གཙོ་རྒྱུ་རྩིས་སྤྲོད་སོགས་བྱེད་པར་ཆེད་མི་དམིགས་འཛུགས་ཀྱིས་ཞབས་ཞུ་མཁོ་འདོན་བྱས་ཆོག
དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྲིད་ཇུས་ཀྱི་ཁས་ལེན་དམ་འཇོག་དང་། དེ་བཞིན་ཁྲོམ་རའི་བྱེད་པོའི་དབར་བཞག་པའི་གན་རྒྱ་ཁྲིམས་ལྟར་ལག་བསྟར་བྱེད་དགོས་པ་ལས། སྲིད་འཛིན་ས་ཁོངས་དབྱེ་འབྱེད་དང་། སྲིད་གཞུང་གི་སྐབས་བརྗེ། ལས་ཁུངས་སམ་ཡང་ན་འགན་ནུས་ལེགས་སྒྲིག དེ་བཞིན་འབྲེལ་ཡོད་འགན་འཁྲི་འཁུར་མཁན་བརྗེ་རེས་སོགས་བྱེད་པར་བརྟེན་ནས་ཁ་ཆད་ལས་འགལ་མི་ཆོག་པ་དང་ཁ་ཆད་རྩིས་མེད་དུ་གཏོང་མི་ཆོག
སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲིའི་རྐྱེན་པས། གོ་ཆོད་གན་རྒྱ་ལག་ལེན་བསྟར་མི་ཐུབ་པ་དང་ཁས་ལེན་བྱས་པའི་གཟིགས་སྐྱོང་གི་ཆ་རྐྱེན་སྒྲུབ་མི་ཐུབ་པར། ཁྲོམ་རའི་བྱེད་པོར་གྱོང་གུན་བཟོས་ཚེ། ངེས་པར་དུ་ཁྲིམས་ལྟར་སྐྱིན་ཚབ་འཇལ་དགོས།
རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ནམ་ཡང་ན་ཁྲིམས་བཅད་ཀྱི་ལས་ཀ་གཞན་དག་གི་རྐྱེན་པས། འཆར་འགོད་དང་། སྲིད་འཛིན་ཐག་གཅོད། སྲིད་འཛིན་ཆོག་འཐུས་བཅས་དང་། དེ་བཞིན་གན་རྒྱའི་ཁ་ཆད་དང་སྲིད་ཇུས་ཁས་ལེན་བཅས་ལ་འགྱུར་བ་གཏོང་དགོས་བྱུང་ཚེ། ངེས་པར་དུ་ཁྲིམས་བཅད་ཀྱི་དབང་ཚད་དང་གོ་རིམ་ལྟར་བསྒྲུབ་དགོས། གལ་ཏེ་ཁྲོམ་རའི་བྱེད་པོར་གྱོང་གུན་བཟོས་ཚེ། ཁྲིམས་ལྟར་སྐྱིན་ཚབ་འཇལ་དགོས།
དོན་ཚན་བཅུ་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བསྒྱུར་བཅོས་ཀྱི་བླང་བྱར་གཞིགས་ཏེ། ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གྱི་གསལ་ཐོའི་དོ་དམ་ལམ་ལུགས་འཛུགས་དགོས་པ་དང་། ཁྲིམས་ལྟར་ཁས་ལེན་གསལ་ཤེས་དང་མཆན་འགོད་ཞབས་ཞུ་ལེགས་གཏོང་སོགས་ཀྱི་བྱ་ཐབས་སྤྱད་དེ་རིགས་དབྱེ་དོ་དམ་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁྲོམ་ར་ལྟ་སྡོམ་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་ཁྲོམ་རའི་བྱེད་པོའི་ཐོ་འགོད་ཀྱི་ཞབས་ཞུ་སྒྲུབ་རིམ་ལེགས་སུ་གཏོང་དགོས་པ་དང་། ཁེ་ལས་ཐོ་འགོད་དང་། གཞུང་ཐམ་བཟོ་བ། འཛིན་ཤོག་ལེན་པ། དེ་བཞིན་ཁྲལ་ཁུངས་ཚོད་འཛིན་སྒྲིག་ཆས་དང་། འགན་ཞུགས་ཐོ་འགོད། ཁེ་ལས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་ཐོ་འགོད། དངུལ་ཁང་གི་རྩིས་ཐེམ་འཛུགས་པ་སོགས་སྐར་ཁུང་གཅིག་རང་ནས་བདག་སྤྲོད་དང་། རེའུ་མིག་གཅིག་རང་གི་ཞུ་འབུལ། ཐེངས་གཅིག་རང་དུ་བསྒྲུབས་ཚར་བ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་ཁྲོམ་རའི་བྱེད་པོས་ཐོ་འགོད་བྱེད་སྐབས་དྲ་ཐོག་ནས་གཉེར་སྒྲུབ་བྱ་རྒྱུ་ཁྱབ་སྤེལ་གཏོང་དགོས་ལ། དྲ་ཐོག་གི་སྲིད་དོན་ཞབས་ཞུའི་ལས་སྟེགས་སྤྱད་དེ། དྲ་ཐོག་ནས་རེ་ཞུ་བྱེད་པ་དང་། ཞིབ་མཆན་འགོད་པ། ལག་ཁྱེར་སྤྲོད་པ་བཅས་བྱེད་དགོས་པ་མ་ཟད། གློག་རྡུལ་ལས་གཉེར་ལག་ཁྱེར་དང་དེའི་དྲ་སྦྲེལ་མཉམ་སྤྱོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། ལས་གཉེར་ལག་ཁྱེར་ཁག་རིག་ནུས་ཐོག་ནས་མཆན་འགོད་དང་འཕྲལ་སྒྲུབ་འཕྲལ་ལེན་ཐུབ་པ་བྱེད་དགོས།
དོན་ཚན་བཅུ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་གཞུང་གི་མ་འཇོག་མ་དངུལ་བེད་སྤྱོད་བྱེད་སྐབས། ངེས་པར་དུ་ཆོག་མཆན་ཐོབ་པའི་སྔོན་རྩིས་གཞིར་བཟུང་ལག་བསྟར་ནན་པོ་བྱེད་དགོས་པ་ལས། སྔོན་རྩིས་བཟོས་མེད་པ་དང་སྔོན་རྩིས་ལས་བརྒལ་བའི་སྲིད་གཞུང་གི་ཉོ་སྒྲུབ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་མི་ཆོག སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་མཁོ་བའི་མ་དངུལ་དག་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་ལས། ཕྱོགས་གསུམ་པའི་མ་དངུལ་གཡར་བའམ་ཡང་ན་ཨར་ལས་ཚན་པས་མ་དངུལ་སྔ་འདོན་དང་གཡར་ནས་འཛུགས་སྐྲུན་བྱེད་མི་ཆོག
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན། བྱ་གཞག་ཚན་པ་བཅས་ཀྱིས་ཁྲོམ་རའི་བྱེད་པོའི་དངོས་ཟོག་དང་། ལས་གྲྭ། ཞབས་ཞུ་སོགས་ཀྱི་རྩིས་དངུལ་འགྱངས་ཆད་དང་ཁ་ཆད་བྱས་པ་ལས་འགལ་མི་ཆོག་ལ། ཁྲོམ་རའི་བྱེད་པོར་ཚུལ་མིན་གྱི་དངུལ་རྩིས་རྒྱག་པའི་དུས་ཚད་དང་། རྩིས་རྒྱག་སྟངས། ཆ་རྐྱེན། ཁ་ཆད་དང་འགལ་བའི་འགན་འཁྲི་སོགས་དང་ལེན་བྱེད་པའི་བླང་བྱ་འདོན་མི་ཆོག ཁེ་ལས་ཆེ་གྲས་ཀྱིས་མཐུན་རྐྱེན་བཟང་པོར་བརྟེན་ནས་ཁེ་ལས་འབྲིང་ཆུང་གི་རྩིས་དངུལ་ཆད་འགྱངས་བྱེད་མི་ཆོག
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ལས་ཁུངས་དང་བྱ་གཞག་ཚན་པས་ཁྲོམ་རའི་བྱེད་པོའི་རྩིས་དངུལ་ཆད་འགྱངས་བྱས་པ་གཙང་བཤེར་བྱེད་དགོས་པ་མ་ཟད། སྔོན་རྩིས་དོ་དམ་དང་། རྩིས་བཤེར་ལྟ་སྐུལ། ཚོད་སྐོར་མཛུབ་ཁྲིད། ལས་རྗེས་དཔྱད་ཞིབ། འགན་འཁྲི་ནན་འདེད་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་ལས་ཁུངས་དང་བྱ་གཞག་ཚན་པས་ཁྲོམ་རའི་བྱེད་པོའི་རྩིས་དངུལ་འགྱངས་ཆད་བྱེད་རིགས་བཀག་འགོག་དང་བཅོས་སྒྲིག་བྱེད་པའི་ཕུགས་ཕན་ལམ་སྲོལ་དང་གཅུན་འདོམས་བྱེད་སྲོལ་འཛུགས་དགོས།
དོན་ཚན་ཉི་ཤུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྤྱི་སྤྱོད་ཁེ་ལས་དང་བྱ་གཞག་ཚན་པས་ཐོན་རྫས་དང་ཞབས་ཞུའི་རིན་གོང་ལུགས་མཐུན་ངང་དམའ་རུ་གཏོང་དགོས་པ་དང་། ཞབས་ཞུའི་ཁྱབ་ཁོངས་དང་། ཞབས་ཞུའི་ཚད་གཞི། གྲོན་དངུལ་ཚད་གཞི། སྒྲུབ་གཉེར་བརྒྱུད་རིམ། ལེགས་འགྲུབ་དུས་ཚད་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་ལ། དེ་བཞིན་དྲ་ཐོག་གཉེར་སྒྲུབ་དང་རང་བརྟེན་གྲོན་འཇལ་སོགས་ཀྱི་སྟབས་བདེའི་ལས་སྒོ་སྤེལ་ཏེ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཆུ་དང་། གློག སོལ་རླངས། ཚ་དྲོད་སོགས་མཁོ་འདོན་བྱེད་མཁན་སྤྱི་སྤྱོད་ཁེ་ལས་དང་བྱ་གཞག་ཚན་པའི་ཞབས་ཞུའི་ཐོན་ཁུངས་སྒྲིལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཆ་འཕྲིན་བདེ་འཇགས་འགན་སྲུང་བྱེད་པའི་སྔོན་འགྲོའི་འོག་སྲིད་དོན་ཞབས་ཞུའི་ལས་སྟེགས་དབར་དང་མཉམ་ལས་བྱས་ཏེ། རེ་ཞུའི་བརྒྱུད་རིམ་ཧྲིལ་པོ་སྦྲེལ་མཐུད་དང་དྲ་ཐོག་ནས་མཉམ་སྒྲུབ་བྱེད་དགོས།
སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་སྤྱི་སྤྱོད་ཁེ་ལས་དང་བྱ་གཞག་ཚན་པས་ཁྲོམ་རའི་བྱེད་པོར་བཙན་ཤེད་ཀྱིས་ཇུས་འགོད་ཚན་པ་དང་། ཉོ་སྒྲུབ་ཚན་པ། ཨར་ལས་སྒྲིག་སྦྱོར་ཚན་པ། ལྟ་འདོམས་ཚན་པ་སོགས་ཀྱི་ལུགས་མཐུན་མིན་པའི་ཞབས་ཞུའི་ཆ་རྐྱེན་དང་ལེན་བྱེད་དུ་འཇུག་མི་ཆོག་པ་དང་། མིང་གང་རུང་གི་ཐོག་ནས་ལུགས་དང་མི་མཐུན་པའི་འགྲོ་གྲོན་བསྡུ་མི་ཆོག
དོན་ཚན་ཉེར་གཅིག་པ། ཆུ་དང་། གློག སོལ་རླངས། ཚ་དྲོད་སོགས་མཁོ་འདོན་བྱེད་མཁན་སྤྱི་སྤྱོད་ཁེ་ལས་དང་བྱ་གཞག་ཚན་པས་ངེས་པར་དུ་ཁྲིམས་ལྟར་ཆུ་དང་། གློག སོལ་རླངས། ཚ་དྲོད་སོགས་མཁོ་འདོན་བྱེད་པའི་སྒྲིག་ཆས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས། རྒྱལ་ཁབ་ནས་གཏན་འབེབས་བྱས་པའི་སྤུས་ཚད་ཀྱི་ཚད་གཞི་དང་ཁ་ཆད་ལྟར་བདེ་འཇགས་འཐུང་ཆུ་དང་། གློག སོལ་རླངས། ཚ་དྲོད་བཅས་མཁོ་འདོན་བྱེད་དགོས།
(པར་ངོས་དྲུག་པར་གཟིགས)(པར་ངོས་ལྔ་པར་མཐུད)
ཁྲོམ་རའི་བྱེད་པོས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ལས་གྲྭའི་རྣམ་གྲངས་ཆུང་གྲས་ལ་ཞོར་གཏོགས་ཀྱི་གྲོང་དོན་སྤྱི་སྤྱོད་སྒྲིག་བཀོད་སྦྲེལ་མཐུད་བྱེད་དགོས་ཚེ། གློག་དང་། ཆུ། སོལ་རླངས། ཚ་ནུས་སོགས་མཁོ་འདོན་བྱེད་མཁན་གྲོང་སྲིད་སྤྱི་སྤྱོད་ཁེ་ལས་དང་བྱ་གཞག་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མགྱོགས་ལ་སྟབས་བདེ་བའི་ཞབས་ཞུ་མཁོ་འདོན་བྱེད་དགོས།
དོན་ཚན་ཉེར་གཉིས་པ། སྲིད་གཞུང་གིས་ཉོ་སྒྲུབ་དང་འོས་སྐུལ་འོས་དཔོད་བྱེད་སྐབས། ངེས་པར་དུ་ཡོངས་གྲགས་དང་དྲང་པོ་དྲང་གཞག་བྱེད་དགོས་པ་མ་ཟད། རིགས་ཁག་གི་དབང་བའི་ལམ་ལུགས་དང་ས་ཁུལ་མི་འདྲ་བའི་ཁྲོམ་རའི་བྱེད་པོར་ཁྲིམས་ལྟར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། ལུགས་མཐུན་མིན་པའི་ཆ་རྐྱེན་ལ་ཁ་གཡར་ནས་མངོན་མེད་ཐོག་འོས་སྐུལ་བྱེད་མཁན་ནམ་ཡང་ན་མཁོ་སྤྲོད་ཚོང་གཉེར་བ་ཕྱིར་འབུད་དང་ཚད་འཛིན་བཟོ་རིགས་བཀག་འགོག་བྱེད་དགོས།
ཁྱུ་མཐུན་འོས་དཔོད་དང་། ཁ་མཐུན་འོས་ཐོན། འོས་རོགས། གབ་མཐུན་འོས་འཁེལ་བཅས་བྱེད་རིགས་བཀག་འགོག་བྱ་རྒྱུ་མ་ཟད། གན་རྒྱ་ལག་ལེན་བསྟར་བར་ཤུགས་རྐྱེན་ཐེབས་བཟོ་ཡོད་ལ། རྒྱུན་གཏན་མ་ཡིན་ལ་རིན་གོང་དམའ་བའི་འོས་སྐུལ་ཐོབ་རིགས་བཀག་འགོག་དང་། བྱེད་ཐབས་གང་རུང་ཐོག་ནས་ཁྲིམས་དང་མི་མཐུན་པའི་འོས་སྐུལ་འོས་དཔོད་ལ་ཐེ་ཇུས་བྱེད་རིགས་བཀག་འགོག་བྱེད་དགོས།
དོན་ཚན་ཉེར་གསུམ་པ། སྤྱི་པའི་ཐོན་ཁུངས་ཉོ་འཚོང་བྱེད་པར་དཀར་ཆག་གསལ་ཐོའི་དོ་དམ་ལག་བསྟར་བྱེད་དགོས་པ་དང་། ཁྲིམས་ལྟར་འོས་ཐོབ་དང་། ཧབ་འཚོང་སྐུལ་བ། སྒོ་བྱང་འགེལ་བ་བཅས་ཀྱི་ལས་གྲྭའི་འཛུཌ་སྐྲུན་རྣམ་གྲངས་དང་། ས་ཆའི་སྤྱོད་དབང་། གཏེར་དབང་ནང་བཤུག་གཏོང་བ། རྒྱལ་ཁབ་ཀྱི་ཐོན་དབང་ཉོ་འཚོང་། སྲིད་གཞུང་གི་ཉོ་སྒྲུབ། དེ་བཞིན་རིགས་ཁག་གི་སྤྱི་པའི་ཐོན་ཁུངས་གཞན་དག་ཉོ་འཚོང་བཅས་བྱེད་རིགས་ངེས་པར་སྤྱི་པའི་ཐོན་ཁུངས་ཉོ་འཚོང་གི་ལས་སྟེགས་ནང་བཅུག་སྟེ་ཉོ་འཚོང་བྱེད་དགོས།
སྤྱི་པའི་ཐོན་ཁུངས་ཉོ་འཚོང་ལས་སྟེགས་འཁོར་སྐྱོད་ཞབས་ཞུའི་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་པའི་ཐོན་ཁུངས་ཉོ་འཚོང་ལས་སྟེགས་ཀྱི་ཉོ་འཚོང་དང་། ཞབས་ཞུ། ལྟ་སྡོམ་སོགས་ཀྱི་བྱེད་ནུས་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། ཁྲིམས་ལྟར་སྤྱི་པའི་ཐོན་ཁུངས་ཉོ་འཚོང་གི་དཀར་ཆག་དང་། སྒྲིག་སྲོལ། བརྒྱུད་རིམ། མཇུག་འབྲས། ལྟ་སྡོམ། ཡིད་རྟོན་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། སྤྱི་པའི་ཐོན་ཁུངས་ཉོ་འཚོང་བྱ་རྒྱུ་གློག་རྡུལ་ཅན་གྱི་འཕེལ་རིམ་དང་གྲངས་གཞི་ཆེན་པོ་བེད་སྤྱོད་བྱེད་པར་སྐུལ་སྤེལ་བཏང་ནས། གློག་རྡུལ་ལས་གཉེར་ལག་ཁྱེར་དང་། གློག་རྡུལ་ཁག་ཐེག་འགན་ཡིག ངོ་མི་ཐུག་པར་འོས་སྐུལ། ཡུལ་གཞན་དུ་འོས་ཞིབ་སོགས་ཀྱི་ལས་སྒོ་ཁག་སྤྱི་པའི་ཐོན་ཁུངས་ཉོ་འཚོང་ཁྱབ་ཁོངས་སུ་ཉེར་སྤྱོད་བྱས་ཏེ། རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་དགོས།
དོན་ཚན་ཉེར་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚབ་གཉེར་ལས་ཁུངས་འོས་སྐུལ་རྒྱག་ཏུ་འཇུག་པར་མཛུབ་ཁྲིད་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ཚབ་གཉེར་ལས་ཁུངས་འོས་སྐུལ་རྒྱག་པར་ཞབས་ཞུ་སྒྲུབ་པའི་སྤུས་ཚད་ཡོངས་བསྒྲགས་བྱས་ཏེ། འོས་སྐུལ་བ་རང་ཉིད་ནས་ཚབ་གཉེར་ལས་ཁུངས་གདམ་ག་ཐུབ་པ་བྱེད་དགོས།
ཚབ་གཉེར་ལས་ཁུངས་འོས་སྐུལ་བྱེད་སྐབས། ངེས་པར་དུ་གསང་བ་བསྲུང་རྒྱུ་དང་འོས་སྐུལ་འོས་དཔོད་ཀྱི་ལས་སྒོ་དང་འབྲེལ་བ་ཡོད་པའི་གནས་ཚུལ་དང་དཔྱད་ཡིག་ཕྱིར་གྱར་མི་ཆོག་ལ། འོས་སྐུལ་འོས་སྤྲོད་པ་དང་ལྐོག་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ནམ་ཡང་ན་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག
དོན་ཚན་ཉེར་ལྔ་པ། དངུལ་རྩའི་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་རིགས་ཁག་གི་དངུལ་རྩའི་ལས་ཁུངས་ནས་རྒྱལ་ཁབ་ཀྱི་དངུལ་རྩའི་སྲིད་ཇུས་དང་མཐུན་པའི་སྔོན་འགྲོའི་འོག དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་ཕྲན་ཚེགས། སྒེར་གཉེར་བཟོ་ཚོང་དུད་ཚང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་སོགས་ཁྲོམ་རའི་བྱེད་པོར་ཡིད་རྟོན་དངུལ་བུན་གཏོང་རྒྱུ་དང་། དངུལ་རྩའི་ཐད་ནས་རྒྱབ་སྐྱོར་བྱེད་པར་སྐུལ་མ་དང་ཁྲིད་སྟོན་བྱེད་དགོས། ཡིད་རྟོན་རུང་ལ་མཐུན་རྐྱེན་འཛོམས་པའི་ཁྲོམ་རའི་བྱེད་པོར་གེགས་མེད་བགྲོད་ལམ་བཏོད་དེ་བུན་གཡར་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས་ཤིང་། དཔྱད་དཔོག་དང་། གཏའ་འཇོག ཁག་ཐེག་སོགས་བྱེད་མི་དགོས་པའི་མ་དངུལ་བསྡུ་རྒྱུག་གི་ཞབས་ཞུ་བསྒྲུབས་ནས་ཁྲོམ་རའི་བྱེད་པོའི་མ་དངུལ་བསྡུ་རྒྱུག་གི་མ་གནས་དམའ་རུ་གཏོང་དགོས།
དོན་ཚན་ཉེར་དྲུག་པ། དངུལ་རྩའི་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ཏེ། མ་དངུལ་བསྡུ་རྒྱུག་ཁག་ཐེག་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲོམ་རའི་བྱེད་པོར་བསྡུ་དགོས་ངེས་ཀྱི་རྩིས་དངུལ་དང་། ཤེས་བྱའི་བདག་དབང་། ཁེ་ཕན་དབང་ཆ། གྲོན་དངུལ་བསྡུ་དབང་། རྐང་དབང་། ཐཱན་འབུད་དབང་ཆ། བཙོག་འབུད་དབང་ཆ། ཐཱན་འདུས་ཁེ་དབང་། ཐོན་རྫས་མངགས་ཐོ། དངོས་ཟོག་གསོག་ཉར། འཕྲུལ་ཆས་སྒྲིག་ཆས་སོགས་ཀྱི་ཐོག་ནས་མ་དངུལ་བསྡུ་རྒྱུག་ལ་ཁག་ཐེག་བྱེད་དགོས།
དོན་ཚན་ཉེར་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་གི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་ཁུངས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། སྲིད་གཞུང་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས། མ་དངུལ་བསྡུ་རྒྱུག་ཁག་ཐེག་ཀུང་སི་བཅས་དང་མཉམ་ལས་བྱེད་པའི་ལམ་སྲོལ་འཛུགས་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐད་ཀའི་ཁ་གསབ་རོགས་དངུལ་དང་། ལས་རྗེས་བྱ་དགའ། སྐྱིན་འཇལ་གུན་གསབ་སོགས་ཀྱི་བྱ་ཐབས་སྤྱད་དེ། རིགས་འདྲ་མིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་ཁུངས་ཀྱི་ཁག་ཐེག་ལས་སྒོའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དང་། ཁག་ཐེག་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།
སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་ཁུངས་ཀྱིས་ངེས་པར་དུ་མཐུན་རྐྱེན་འཛོམས་པའི་ཁྲོམ་རའི་བྱེད་པོར་མ་དངུལ་བསྡུ་རྒྱུག་ཁག་ཐེག་གི་ཞབས་ཞུ་སྒྲུབ་དགོས།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་འགྱུར་དངོས་དང་ཁེ་དབང་ཁག་ཐེག་ཐོ་འགོད་ལམ་ལུགས་གཅིག་གྱུར་ལག་བསྟར་བྱེད་དགོས། ཁྲོམ་རའི་བྱེད་པོས་ཀྲུང་གོ་མི་དམངས་དངུལ་ཁང་ཡིད་རྟོན་ལྟེ་གནས་བརྒྱུད་འགྱུར་དངོས་དང་མ་དངུལ་བསྡུ་རྒྱུག་བྱེད་སྟངས་གཅིག་གྱུར་ཐོ་འགོད་དང་ཡོངས་བསྒྲགས་བྱ་རྒྱུ་མ་ཟད། མ་ལག་ནང་འགྱུར་དངོས་ཁག་ཐེག་ཐོ་འགོད་དང་། བརྗེ་སྒྱུར། འདྲི་རྩད། ཐོ་བསུབ་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས།
དོན་ཚན་ཉེར་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། གདེང་འཇོག་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཤེས་ལྡན་མི་སྣའི་སྲིད་ཇུས་དང་བྱ་ཐབས་གསར་གཏོད་དང་། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་སྒོར་སྐུལ་འདེད། ཤེས་ལྡན་སྒོ་དབྱེ་དང་མཉམ་ལས་སྤེལ་རེས་བཅས་བྱ་རྒྱུ་མ་ཟད། གོ་མིང་གཏན་འཁེལ་དང་། གླ་ཕོགས་བགོ་བཤའ། སྨན་བཅོས་འགན་བཅོལ། སྡོད་ཁང་བགོ་སྒྲིག བུ་ཕྲུག་སློབ་ཞུགས། བཟའ་ཟླ་ལས་ཞུགས་སོགས་ཀྱི་ཐད་འགན་སྲུང་བྱེད་པའམ་ཡང་ན་སྟབས་བདེ་བསྐྲུན་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་ཤུགས་ཐོན་ཁུངས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་ལས་སྟེགས་བཙུཌ་ཏེ། ཁེ་ལས་ཕྱོགས་ལ་ལས་མི་བཀོལ་སྤྱོད་དང་། སྲིད་ཇུས་བློ་འདྲི། ངལ་རྩོལ་འབྲེལ་བ་སོགས་ཐད་ཀྱི་ཞབས་ཞུ་བསྒྲུབས་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་བྱེད་དགོས།
དོན་ཚན་སུམ་ཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁྲོམ་ར་ལྟ་སྡོམ་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་ཁྲོམ་རའི་བྱེད་པོའི་ཐོ་སུབ་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། རེ་ཞུའི་དཔྱད་ཡིག་ཁུ་བསྡུ་བྱེད་པ། སྒྲུབ་གཉེར་དུས་ཚོད་ཐུང་དུ་གཏོང་བ། ཐོ་སུབ་མ་གནས་དམའ་རུ་གཏོང་བ་བཅས་བྱེད་དགོས། ཁྲོམ་ར་འཛུགས་གཉེར་བྱས་རྗེས་ཐོན་སྐྱེད་གཉེར་སྐྱོང་བྱས་མེད་པའམ་ཡང་ན་བུན་དབང་དང་བུ་ལོན་མེད་པའི་ཁྲོམ་རའི་བྱེད་པོ་ཡིན་ཕྱིན། སྟབས་བདེའི་གོ་རིམ་ལྟར་ཐོ་སུབ་འགྲོ་ལུགས་གཉེར་ཆོག བུན་དབང་དང་བུ་ལོན་ཡོད་པའི་ཁྲོམ་རའི་བྱེད་པོའི་བུན་དབང་དང་བུ་ལོན་ཁྲིམས་ལྟར་ཐག་གཅོད་བྱས་རྗེས་དུས་ཐོག་ཏུ་ཐོ་སུབ་འགྲོ་ལུགས་གཉེར་དགོས།
དོན་ཚན་སོ་གཅིག་པ། ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱིས་ངེས་པར་དུ་ལས་རིགས་ལ་མཛུབ་ཁྲིད་དང་རང་གཅུན་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། འབྲེལ་ཡོད་སྡེ་ཚན་ལ་ལས་རིགས་ཀྱི་རེ་བ་དུས་ཐོག་ཏུ་གསལ་ཞུ་བྱེད་དགོས། ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། ཁྲོམ་རའི་བྱེད་པོར་ཆ་འཕྲིན་བློ་འདྲི་དང་། དྲིལ་བསྒྲགས་གསོ་སྦྱོང་། ཁྲོམ་ར་རྒྱ་སྐྱེད། ཁེ་དབང་སྲུང་སྐྱོབ། རྩོད་གཞི་འདུམ་འགྲིག་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས། སྲིད་ཇུས་བཟོ་འབེབས་དང་། ལས་རིགས་རང་སྐྱོང་། ཁྲོམ་རའི་བྱེད་པོའི་ཁེ་དབང་སྲུང་སྐྱོབ་སོགས་བྱེད་པའི་ཁྲོད་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་གཞན་དག་ཡོད་པ་ཕུད། ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱིས་ཁྲོམ་རའི་བྱེད་པོར་བཙན་ཤེད་དམ་ཡང་ན་རྣམ་པ་འགྱུར་བའི་ཐོག་ནས་མཐུན་ཚོཌ་ནང་ཞུགས་སུ་འཇུག་པའམ་ཡང་ན་ཕྱིར་འཐེན་བྱེད་དུ་འཇུག་མི་ཆོག་ལ། ཁྲོམ་རའི་བྱེད་པོར་བཙན་ཤེད་ཀྱིས་དཔང་འདོན་དང་གསོ་སྦྱོང་སོཌ་བྱེད་དུའང་འཇུག་མི་ཆོག དེ་བཞིན་དཔྱད་བསྡུར་དང་གཟེངས་བསྟོད་སོཌ་ཀྱི་མིང་ཐོག་ནས་སྒྲིག་འགལ་གྲོན་བསྡུ་དང་། རང་དགར་གྲོན་བསྡུའི་རྣམ་གྲངས་འཛུགས་པ། གྲོན་དངུལ་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱེད་མི་ཆོག་ལ། ཁྲོམ་རའི་བྱེད་པོའི་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་འགོག་རྐྱེན་བཟོ་བའམ་ཡང་ན་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག
ལེའུ་གསུམ་པ། སྲིད་དོན་ཞབས་ཞུ།
དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྲིད་དོན་ཞབས་ཞུའི་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྷུ་ཚིགས་སྟབས་བདེ་རུ་གཏོང་བ་དང་། དཔྱད་ཡིག་ཉུང་དུ་གཏོང་བ། དུས་ཚད་ཐུང་དུ་གཏོང་བ་བཅས་ཀྱི་བླང་བྱ་དང་རྒྱལ་ཁབ་ཀྱི་ཚད་གཞིར་ལྟར། རང་སྐྱོང་ལྗོངས་གཅིག་གྱུར་གྱི་སྲིད་དོན་ཞབས་ཞུའི་དོན་གནད་དཀར་ཆག་དང་། ཚད་ལྡན་ལས་རིམ། ལས་སྒྲུབ་ཕྱོགས་སྟོན་བཅས་བཟོ་འགོད་དང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། སྲིད་དོན་ཞབས་ཞུའི་དོན་གནད་བདག་སྤྲོད་བྱེད་པའི་ཆ་རྐྱེན་དང་། ཞབས་ཞུ་སྒྲུབ་ཡུལ། སྒྲུབ་པའི་བརྒྱུད་རིམ། རེ་ཞུའི་དཔྱད་ཡིག ལས་སྒྲུབ་དུས་ཚད། ལས་སྒྲུབ་ཕན་འབྲས་སོགས་ཀྱི་ནང་དོན་ཁ་གསལ་བཟོ་དགོས། རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(ཆུས) ཤང(གྲོང་རྡལ)བཅས་ཀྱི་སྲིད་དོན་ཞབས་ཞུའི་དོན་གནད་ཀྱི་ཨང་རིམ་དང་། མིང་། གཞི་འཛིན་ས། གོ་རིམ། རིགས་དབྱེ་སོགས་ཀྱི་ཆ་འཕྲིན་གཅིག་གྱུར་བཟོས་ནས་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་བྱེད་དགོས།
སྲིད་དོན་ཞབས་ཞུའི་དོན་གནད་དང་ལེན་བྱེད་པ་དང་། གཤམ་སྤྲོད་བྱེད་པ། མེད་པར་བཟོ་བ། ལེགས་སྒྲིག་བྱེད་པ་སོགས་ཀྱི་རྐྱེན་པས་ལས་རིམ་དང་། དཔྱད་ཡིག དུས་ཚད་སོགས་ལ་འགྱུར་བ་གཏོང་དགོས་བྱུང་ཚེ། ངེས་པར་དུ་འཕྲལ་མར་གསར་སྒྱུར་བྱེད་དགོས་པ་མ་ཟད། ཡོངས་བསྒྲགས་ཀྱང་བྱེད་དགོས།
ཁྲོམ་རའི་བྱེད་པོར་དྲ་ཐོག་གམ་ཡང་ན་དྲ་ཕྱི་གང་རུང་ཐོག་ནས་སྲིད་དོན་ཞབས་ཞུའི་དོན་གནད་གཉེར་དབང་ཡོད། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་བྱས་པ་ཕུད། ཁྲོམ་རའི་བྱེད་པོས་རེ་ཞུ་འབུལ་བ་དང་གཉེར་སྒྲུབ་བྱེད་སྐབས་སྲིད་འཛིན་ལས་ཁུངས་ནས་ཚད་བཀག་བཟོ་མི་ཆོག
དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་སྐྱོང་ལྗོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་འཐུས་ཚང་དུ་གཏོང་བ་དང་། བཀོལ་སྤྱོད་བྱེད་རིམ་ལེགས་སུ་གཏོང་བ། བཀོལ་སྤྱོད་ཕྱོགས་སྟོན་མཁོ་འདོན་བྱེད་པ་བཅས་ཀྱི་ཐོག་ནས་ཁྲོམ་རའི་བྱེད་པོར་ལས་ཕྱོད་ཆེ་ཞིང་སྟབས་བདེ་བའི་དྲ་ཐོག་གི་སྲིད་དོན་ཞབས་ཞུ་སྒྲུབ་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ས་གནས་དང་སྡེ་ཚན་དེ་གའི་སྲིད་དོན་ཞབས་ཞུའི་ལས་སྟེགས་སྒྲིལ་སྤྱོད་བྱ་རྒྱུ་མ་ཟད། ས་ཁུལ་དང་སྡེ་ཚན་དེ་གའི་སྲིད་དོན་ཞབས་ཞུའི་ལས་སྒོའི་མ་ལག་དང་རང་སྐྱོང་ལྗོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་གཉིས་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱས་ནས་སྲིད་དོན་ཞབས་ཞུའི་གྲངས་གཞི་མཉམ་སྦྲེལ་མཉམ་སྤྱོད་དང“དྲ་གཅིག་ཀུན་འཐུས”ཐུབ་པ་བྱེད་དགོས།
དོན་ཚན་སོ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཙོ་ཆེའི་དྲ་ཚིགས་དང་རང་སྐྱོང་ལྗོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ཁྲོམ་རའི་བྱེད་པོ་དང་འབྲེལ་བ་ཡོད་པའི་འཆར་འགོད་དང་། ཐོན་ལས། མ་དངུལ་བསྡུ་རྒྱུག ལས་གཏོད། གསར་གཏོད། ཤེས་ལྡན་པ་བཅས་དང་། དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་གཏོང་བར་བཟོ་འབེབས་བྱས་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་ཆག་ཡང་གཏོང་བ་དང་། ནོར་སྲིད་བྱ་དགའ། ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ། ཁྲོམ་རའི་བྱེད་པོས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་གང་ཐུབ་བྱ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱེད་དགོས།
དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྲིད་དོན་ཞབས་ཞུའི་དོན་གནད་ཁག་ཁུལ་བརྒལ་གཉེར་སྒྲུབ་དང་། ཡུལ་གཞན་དུ་ཚབ་སྒྲུབ། གནས་མང་མཉམ་སྒྲུབ་བཅས་བྱེད་པའི་འཆར་འགོད་བཟོ་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་དོན་ཞབས་ཞུའི་དོན་གནད་ཁག་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་གཅིག་སྡུད་གཉེར་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས་པ་མ་ཟད། སྲིད་དོན་ཞབས་ཞུའི་དོན་གནད་ཁག་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་དུ་ས་གནས(གྲོང་ཁྱེར)དང་རྫོང(ཆུས)བརྒལ་ཏེ་གཉེར་སྒྲུབ་ཐུབ་པ་བྱེད་དགོས།
སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ངེས་པར་དུ་ཁ་ཆད་གཉེར་སྒྲུབ་དང་། སྔོན་ཞིབ་བློ་འདྲི། ཆད་རུང་བདག་སྤྲོད། སྔོན་འདྲི་འགན་འཁུར། ཐད་ཀར་གསལ་ཤེས། དུས་བཀག་ཐག་གཅོད་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། མདུན་སྟེགས་ནས་ཕྱོགས་བསྡུས་བདག་སྤྲོད་བྱེད་པ་དང་། སྟེགས་རྒྱབ་ནས་རིགས་དབྱེ་ཞིབ་མཆན་འགོད་པ། ཕྱོགས་བསྡུས་སྐར་ཁུང་ནས་དཔང་ཡིག་འདོན་པ་བཅས་ཀྱི་སྲིད་དོན་ཞབས་ཞུ་སྒྲུབ་རྣམ་ཁྱབ་སྤེལ་བཏང་སྟེ། “སྐར་ཁུང་གཅིག་ནས་ཕྱོགས་བསྡུས་ལས་སྒྲུབ”བྱེད་ས་འཛུགས་དགོས།
རིམ་ཁག་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཁེ་ལས་ལ་ཕན་པའི་སྲིད་ཇུས་གཅིག་གྱུར་གཉེར་སྒྲུབ་བྱེད་སའི་སྐར་ཁུང་འཛུགས་རྒྱུ་དང་། སྲིད་གཞུང་དང་སྡེ་ཚན་ཁག་གིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་སྒུལ་འཕྲིན་མཐུད་སྣེའི་ཞབས་ཞུའི་མ་ལག་བཙུགས་ཏེ། ཆ་འཕྲིན་བློ་འདྲི་དང་། དྲ་ཐོག་རེ་ཞུ། དྲ་ཐོག་ལན་སྤྲོད། སྲིད་ཇུས་དོན་འཁྱོལ་དང་དྲན་སྐུལ་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས།
དོན་ཚན་སོ་དྲུག་པ། སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ངེས་པར་དུ་ལས་བྱར་སྦྱོང་བརྡར་སྤྲོས་པ་དང་། མཛུབ་ཁྲིད་བྱེད་པ། ཞབས་ཞུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ལས་བྱས་གཤམ་གསལ་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་དགོས་པའི་བླང་བྱ་འདོན་དགོས་པ་སྟེ།
(གཅིག)ལས་སྒྲུབ་ཕྱོགས་སྟོན་གྱི་གཏན་འབེབས་ལྟར་སྲིད་དོན་ཞབས་ཞུའི་དོན་གནད་གཉེར་སྒྲུབ་བྱེད་དགོས་པ་ལས། ཁྲོམ་རའི་བྱེད་པོར་ལས་སྒྲུབ་ཕྱོགས་སྟོན་གྱི་གཏན་འབེབས་ཕུད་པའི་བླང་བྱ་གཞན་དག་འདོན་མི་ཆོག་པ་དང་།
(གཉིས)སྲིད་གཞུང་སྡེ་ཚན་དབར་ཆ་འཕྲིན་མཉམ་སྤྱོད་ལས་ཐོབ་པའི་དཔྱད་ཡིག་རིགས་ཁྲོམ་རའི་བྱེད་པོར་བསྐྱར་དུ་འདོན་རེ་ཞུ་མི་ཆོག
(གསུམ)ལས་ཡུལ་དངོས་སུ་བརྟག་ཞིབ་དང་། ལག་རྩལ་ཞིབ་བཤེར། ཁུངས་སྐྱེལ་དག་འབུད་བཅས་བྱེད་དགོས་ཚེ། ངེས་པར་དུ་གཏན་འབེབས་ཀྱི་དུས་བཀག་ནང་འཕྲལ་མར་བཀོད་སྒྲིག་བྱེད་དགོས་པ་ལས། རང་འགན་གཞན་དཀྲི་དང་ནར་འགྱངས་བྱེད་མི་ཆོག
(བཞི)སྲིད་དོན་ཞབས་ཞུའི་དོན་གནད་གཅིག་པ་ཡིན་ཚེ། ངེས་པར་དུ་གཅིག་གྱུར་གྱི་ཚད་གཞི་ལྟར་བདག་སྤྲོད་དང་གཉེར་སྒྲུབ་བྱེད་དགོས་པ་ལས། ཁྱད་པར་གྱི་ལྟ་སྟངས་འཛིན་མི་ཆོག
(ལྔ)ལས་ཀའི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་སྐབས། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་ལས། ཁྲོམ་རའི་བྱེད་པོ་དང་ཉེ་དགའ་ཕྱོགས་ཞེན་གང་ཡང་ཡོད་མི་ཆོག་པ་བཅས་སོ།
སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ངེས་པར་དུ་ས་ཡུལ་དངོས་སུ་ཐེར་འདོན་གོང་ཞུའི་སྐར་ཁུང་དང་ཡིག་སྒམ་འཛུགས་དགོས་པ་མ་ཟད། ཐེར་འདོན་གོང་ཞུའི་ཁ་པར་ཡོངས་བསྒྲགས་བྱེད་དགོས་པ་དང་། སྲིད་དོན་ཞབས་ཞུའི“གདེང་འཇོག་ལེགས་ཞན”སོགས་ཀྱི་ལམ་ལུགས་བཙུགས་ཏེ། སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
དོན་ཚན་སོ་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ལས་གྲྭའི་འཛུཌ་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་རྒྱུ་དང་། ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་རིགས་དབྱེ་དོ་དམ་བྱེད་སྟངས་ཁྱབ་སྤེལ་བཏང་ནས་དམིཌ་བསལ་གྱི་ལས་གྲྭ་དང་། འགྲིམ་འགྲུལ། ཆུ་བེད། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་གལ་ཆེའི་རྣམ་གྲངས་ཕུད། དེ་མིན་གྱི་འཛུགས་སྐྲུན་རྣམ་གྲངས་རིགས་ལ་ཞིབ་མཆན་འགོད་སྐབས་མཉམ་ཞིབ་མཉམ་སྒྲུབ་དང་ཆད་རུང་བདག་སྤྲོད་སོགས་ཀྱི་བྱེད་ཐབས་ཁྱབ་སྤེལ་གཏོང་དགོས་པ་མ་ཟད། རེའུ་མིག་གཅིག་གིས་རེ་ཞུ་འབུལ་བ་དང་། སྐར་ཁུང་གཅིག་ནས་བདག་སྤྲོད་བྱེད་པ། མཉམ་དུ་གཉེར་སྒྲུབ་བྱེད་པ། དོན་དག་གཅིག་སྒྲུབ་ཐེངས་གཅིག་ལ་སྒྲུབ་པ། ངོ་འཕྲད་མི་དགོས་པར་ཞིབ་མཆན་འགོད་པ་སོགས་ཀྱི་བྱེད་ཐབས་རིམ་བཞིན་ཁྱབ་སྤེལ་བཏང་ནས་ཞིབ་མཆན་འགོད་པའི་ཕན་ནུས་ཆེ་རུ་གཏོང་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་མཆན་འགོད་བརྒྱུད་རིམ་ཁག་དང་འབྲེལ་བ་ཡོད་པའི་ཞིབ་མཆན་དོན་གནད་ཚང་མ་རང་སྐྱོང་ལྗོངས་ཀྱི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་དོ་དམ་མ་ལག་ནང་བཅུག་སྟེ། གསང་འབྲེལ་མིན་པའི་རྣམ་གྲངས་འཛུགས་པ་དང་། ས་ཆ་སྤྱོད་པ། འཆར་འགོད་བཟོ་བ། ཨར་ལས་བྱེད་པ། ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་པ་སོགས་ལ་དྲ་ཐོག་ནས་ཞིབ་མཆན་འགོད་པ་དང་ལྟ་སྐུལ་དོ་དམ་བྱེད་དགོས།
དོན་ཚན་སོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འགུལ་མེད་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས་ངེས་པར་དུ་འགུལ་མེད་རྒྱུ་ནོར་ཐོ་འགོད་ཉོ་ཚོང་བྱེད་པ་དང་དཔྱ་ཁྲལ་འཇལ་རིགས་སྐར་ཁུང་གཅིག་ནས་བདག་སྤྲོད་དང་གཉེར་སྒྲུབ་བྱས་ཏེ། གཉེར་སྒྲུབ་ཀྱི་དུས་ཚོད་ཐུང་དུ་གཏོང་བ་དང་མ་གནས་དམའ་རུ་གཏོང་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འགུལ་མེད་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འགུལ་མེད་རྒྱུ་ནོར་ཐོ་འགོད་ཀྱི་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་བྱེད་དགོས།
དོན་ཚན་སོ་དགུ་པ། འགག་སྒོ་གནས་སའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འགག་སྒོ་དང་མཐའ་མཚམས་ཞིབ་བཤེར་ས་ཚིགས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགག་སྒྲོལ་ལས་དོན་ལ་གཞོགས་འདེགས་བྱེད་པར་ཤུགས་སྣོན་རྒྱག་དགོས། རྒྱལ་གྲོལ་ཚོང་དོན་གྱི་ཆ་འཕྲིན་མཉམ་སྤྱོད་དང་མཉམ་བཤེར་ལས་ཀའི་ལམ་སྲོལ་བཙུགས་ཏེ་འགག་སྒྲོལ་ལས་རིམ་སྟབས་བདེ་རུ་གཏོང་བ་དང་། འགག་སྒྲོལ་ལས་ཕྱོད་ཆེ་རུ་གཏོང་བ། འགག་སྒོའི་རིན་བསྡུ་ཚད་ལྡན་བཟོ་བ། འགག་སྒྲོལ་མ་གནས་དམའ་རུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་བྱེད་པོས་གཟིགས་སྐྱོང་གི་སྲིད་ཇུས་རེ་ཞུ་དང་། འགག་སྒྲོལ་གྱི་ཟོག་འགྲེམས་ཆ་འཕྲིན་འདྲི་རྩད། ཕྱིར་གཏོང་གི་ཡིད་རྟོན་འགན་བཅོལ་གཉེར་སྒྲུབ། རྒྱལ་གྲོལ་གྱི་དུས་རྩིས་དང་མ་དངུལ་བསྡུ་རྒྱུག་སོགས་ཐད་ལ་ཞབས་ཞུ་སྒྲུབ་ཐོག་འགག་སྒོ་དང་རྒྱལ་སྤྱིའི་ཚོང་དོན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་སྒོའི་རིགས་སྐར་ཁུང་གཅིག་ནས་གཉེར་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས།
དོན་ཚན་བཞི་བཅུ་པ། ཁྲལ་དོན་ལས་ཁུངས་ཀྱིས་ངེས་པར་དུ་ཁྲལ་བསྡུ་དང་། སྤྱི་ཚོགས་འགན་བཅོལ་དངུལ། ཁྲལ་མིན་ཡོང་འབབ་བཅས་ཐད་ཀྱི་ཞབས་ཞུ་སྒྲུབ་ཕྱོགས་གཅིག་གྱུར་འཆར་འགོད་བཟོ་རྒྱུ་དང་། ཁྲལ་དངུལ་དང་ཞབས་ཞུ་གཞི་གཅིག་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲལ་འཇལ་ལས་སྒོ་ས་ཁོངས་བརྒལ་ནས་གཉེར་རྒྱུར་སྐུལ་འདེད་གཏོང་དགོས། ཁྲལ་དངུལ་འཇལ་སྤྲོད་ཀྱི་ལས་རིམ་ལེགས་སུ་གཏོང་བ་དང་། དཔྱད་ཡིག་ཁུ་བསྡུ་དང་སྐྱེལ་སྤྲོད་བྱེད་ཐབས་སྟབས་བདེ་རུ་གཏོང་རྒྱུ་མ་ཟད། དྲ་ཐོག་དང་། སྦར་མཐིལ། རང་རོགས། སྦྲག་བསྐུར་སོགས་ཐུག་རེག་མེད་པའི་ཁྲལ་དངུལ་འཇལ་སྤྲོད་བྱེད་སྟངས་ཁྱབ་སྤེལ་གཏོང་དགོས། གློག་རྡུལ་བཙོངས་འཛིན་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ་སྟབས་བདེ་ཞིང་ལས་ཕྱོད་ཆེ་བའི་ཞབས་ཞུ་སྒྲུབ་དགོས།
དོན་ཚན་ཞེ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་བྱུང་གནོད་འཚེ་དང་། སྤྱི་པའི་འཕྲོད་བསྟེན། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་དོན་རྐྱེན་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པར་དཀའ་ངལ་བཟོས་པའི་ཁྲོམ་རའི་བྱེད་པོར་ཁྲིམས་ལྟར་རོགས་སྐྱོབ་དང་། སྐྱིན་གསབ་སྤྲོད་པ། ཆག་ཡང་གཏོང་བ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལག་ལེན་བསྟར་དགོས།
དོན་ཚན་ཞེ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ཞུ་སྦྱོར་ཐེར་འདོན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། ཚོང་གཉེར་ཁོར་ཡུག་ཐད་ཀྱི་ཞུ་སྦྱོར་ཐེར་འདོན་བྱས་རིགས་བདག་སྤྲོད་བྱ་ཡུལ་བཙུཌ་ཏེ། སྲིད་དོན་ཞབས་ཞུའི་དམངས་ཕན་ཁ་པར་དང་ལས་སྟེགས་སོགས་ཀྱི་ཐབས་ནུས་འདོན་སྤེལ་བྱེད་དགོས། ཁྲོམ་རའི་བྱེད་པོ་དང་མང་ཚོགས་ཀྱིས་བཏོན་པའི་ལས་མི་བྱེད་པ་དང་། ལས་རྙོག་བཟོ་བ། ལས་འགྱངས་གཏོང་བ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས།
ལེའུ་བཞི་པ། ལྟ་སྡོམ་ཁྲིམས་སྒྱུར།
དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ལྟ་སྡོམ་འགན་འཁྲི་ཁྲིམས་ལྟར་བསྒྲུབ་རྒྱུ་དང་ལྟ་སྡོམ་བྱེད་སྟངས་གསར་གཏོད་བྱ་རྒྱུ་མ་ཟད། དྲང་གཞག་ལྟ་སྡོམ་དང་། ཡིད་རྟོན་ལྟ་སྡོམ། ཕྱོགས་བསྡུས་ལྟ་སྡོམ། ཁོག་ཡངས་ལྟ་སྡོམ་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། དྲང་གཞག་ཚུལ་མཐུན་དང་ཡ་རབས་ཚུལ་ལྡན་གྱིས་ཁྲིམས་སྒྱུར་བྱེད་དགོས།
དོན་ཚན་ཞེ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་ལྟར་ལྟ་སྡོམ་བྱེད་པའི་དོན་གནད་ཀྱི་གསལ་ཐོ་བཟོ་རྒྱུ་མ་ཟད། ལྟ་སྡོམ་གྱི་དོན་གནད་དང་། བྱེད་པོ། གཞི་འཛིན་ས། གོ་རིམ། ཆད་གཅོད་བྱ་ཐབས་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་དང་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།
དོན་ཚན་ཞེ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲོམ་རའི་བྱེད་པོར་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་ཡོད་དགོས་པ་མ་ཟད་ཁྲིམས་བཅད་ཀྱི་གོ་རིམ་ལྟར་སྒྲུབ་དགོས། སྤྱི་པའི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སོགས་དམིགས་བསལ་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་དང་ཐད་ཀར་འབྲེལ་བ་ཡོད་པ་ཕུད།
(པར་ངོས་བདུན་པར་གཟིགས)(པར་ངོས་དྲུག་པར་མཐུད) ངེས་པར་དུ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་དགོས། ཞིབ་བཤེར་བྱ་ཡུལ་གཅིག་ལ་ཞིབ་བཤེར་བྱེད་པའི་ནང་དོན་མང་པོ་ཡོད་ཚེ། གང་ཐུབ་ཀྱིས་ཟླ་སྒྲིལ་གཏོང་བའམ་ཡང་ན་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ཐོག་ཞིབ་བཤེར་བྱེད་དགོས།
དོན་ཚན་ཞེ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཡིད་རྟོན་རུང་བར་སྐུལ་མ་གཏོང་བ་དང་ཡིད་རྟོན་མི་རུང་བར་གཅུན་སྡོམ་བྱེད་པའི་ཡིད་རྟོན་ལྟ་སྡོམ་གྱི་ལམ་སྲོལ་བཙུགས་ཏེ། ཡིད་རྟོན་རུང་ཚུལ་དང་ཉེན་ཚད་མི་འདྲ་བའི་ཁྲོམ་རའི་བྱེད་པོར་ཁྱད་པར་ཅན་གྱི་ལྟ་སྡོམ་བྱེད་ཐབས་སྤྱོད་དགོས། ཡིད་རྟོན་རུང་ཚུལ་ཅུང་ལེགས་ཤིང་། ཉེན་ཚད་ཅུང་ཆུང་བའི་ཁྲོམ་རའི་བྱེད་པོར་ཟུར་བཤེར་བྱེད་ཚད་ལུགས་མཐུན་གྱིས་ཉུང་དུ་གཏོང་ཆོག ཁྲིམས་འགལ་ཡིད་རྟོན་ཤོར་མཁན་དང་ཉེན་ཁ་ཅུང་ཆེ་བའི་ཁྲོམ་རའི་བྱེད་པོར་ཟུར་བཤེར་བྱེད་ཚད་འོས་འཚམ་གྱིས་མང་དུ་བཏང་སྟེ། ཁྲིམས་ལྟར་དོ་དམ་ནན་པོ་དང་ཆད་གཅོད་བསླབ་འདོམས་བྱེད་དགོས།
ས་གནས(གྲོང་ཁྱེར)རིམ་པ་ཡན་མི་དམངས་སྲིད་གཞུང་འཕེལ་སྒྱུར་སྡེ་ཚན་གྱིས་ངེས་པར་དུ་ཁྲོམ་རའི་བྱེད་པོའི་ཡིད་རྟོན་སླར་གསོའི་ལམ་ལུགས་ལག་བསྟར་བྱས་ནས་ཡིད་རྟོན་སླར་གསོའི་ཆ་རྐྱེན་དང་། གོ་རིམ། དུས་བཀག་སོགས་ཀྱི་ནང་དོན་ཡོངས་བསྒྲགས་བྱེད་དགོས། ཡིད་རྟོན་སླར་གསོ་ཐུབ་ཟིན་པའི་ཁྲོམ་རའི་བྱེད་པོ་ཡིན་ཕྱིན། ངེས་པར་དུ་ཡིད་རྟོན་ཤོར་བའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་དུས་ཐོག་ཏུ་མཚམས་འཇོག་བྱེད་དགོས་པ་མ་ཟད། ཐག་གཅོད་བྱས་ཚུལ་དོ་བདག་ལ་གསལ་བཤད་ཀྱང་བྱེད་དགོས།
དོན་ཚན་ཞེ་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བསྟུན་མཁས་གཟབ་ནན་གྱི་ལྟ་སྡོམ་བྱེད་ལུགས་ཁྱབ་སྤེལ་གཏོང་བ་དང་ཆད་པ་མི་གཅོད་རྒྱུའི་གསལ་ཐོ་བཟོས་ནས། ཐོག་མའི་སྒྲིག་འགལ་ལ་ཆད་པ་མི་གཅོད་པའམ་ཡང་ན་ཆད་པ་ཡང་གཅོད་སོགས་ཀྱི་ལྟ་སྡོམ་སྲིད་ཇུས་ལག་བསྟར་བྱེད་དགོས།
སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་ངེས་པར་དུ་སྲིད་འཛིན་ཁྲིམས་སྒྱུར་ཡོངས་བསྒྲགས་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོ་ཟིན་འགོད། སྲིད་འཛིན་ཁྲིམས་སྒྱུར་གྱི་གལ་ཆེའི་ཆོད་དོན་འཇོག་པ་བཅས་ལ་ཁྲིམས་ལུགས་ཐོག་ནས་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། སྲིད་འཛིན་ཁྲིམས་སྒྱུར་གྱི་ཆ་འཕྲིན་དུས་ཐོག་དང་ཡང་དག་པར་ཡོངས་བསྒྲགས་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་ལས་རིམ་ཧྲིལ་པོ་དང་ཕྱིར་མིག་ལྟ་རུང་ལ་དོ་དམ། སྲིད་འཛིན་ཁྲིམས་སྒྱུར་གྱི་གལ་ཆེའི་ཆོད་དོན་བཅས་ལ་ཁྲིམས་ལུགས་ཐོག་ནས་ཞིབ་བཤེར་བྱ་རྒྱུ་དེ་ཕྱོགས་ཡོངས་ལ་ཁྱབ་པ་བྱེད་དགོས།
དོན་ཚན་ཞེ་བརྒྱད་པ། སྲིད་འཛིན་ཁྲིམས་སྒྱུར་བྱེད་སྐབས་ངེས་པར་དུ་གོ་སྐོན་སློབ་གསོ་དང་། ཁ་ཏ་སློབ་སྟོན། སྲིད་འཛིན་མཛུབ་ཁྲིད་སོགས་བཙན་ཤེད་མིན་པའི་བྱ་ཐབས་སྤྱོད་རྒྱུ་ཁྱབ་གདལ་བཏང་སྟེ། ཁྲིམས་ལྟར་སྲིད་འཛིན་བཙན་འདོམས་བྱེད་རིགས་ལ་གཟབ་ནན་བྱེད་དགོས། བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་མི་དགོས་པར་སྲིད་འཛིན་དོ་དམ་གྱི་དམིགས་ཡུལ་འགྲུབ་ན། སྲིད་འཛིན་བཙན་འདོམས་བྱེད་མི་ཆོག ཁྲིམས་འགལ་བྱེད་སྤྱོད་ཀྱི་ཉེས་ཚབས་ཆུང་བའམ་ཡང་ན་སྤྱི་ཚོགས་ལ་གནོད་འཚེ་ཕོག་ཤུགས་ཆུང་རིགས་ལ་སྲིད་འཛིན་བཙན་འདོམས་མ་བྱས་ན་ཆོག གལ་ཏེ་སྲིད་འཛིན་བཙན་འདོམས་བྱེད་དགོས་ངེས་ཡིན་ཚེ། ཁྲོམ་རའི་བྱེད་པོའི་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་རྐྱེན་ཐེབས་ཤུགས་གང་ཐུབ་ཆུང་དུ་འགྲོ་བ་བྱེད་དགོས།
གཙང་བཤེར་དག་ཐེར་དང་ཆེད་དོན་བཅོས་སྒྲིག་སོགས་ཀྱི་བྱེད་སྒོ་སྤེལ་སྐབས། ངེས་པར་དུ་ཁྲིམས་ལ་ནན་པོར་གཞིགས་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། དོན་རྐྱེན་ཚབས་ཆེན་ཐོན་པའམ་ཡང་ན་རྒྱལ་ཁབ་ཀྱི་བྱེད་སྒོ་གལ་ཆེན་སྤེལ་རིགས་དང་འབྲེལ་བ་ཡོད་པ་མ་ཟད། དབང་ཆའི་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་པ་ཕུད། འབྲེལ་ཡོད་ལས་རིགས་དང་ཁྲོམ་རའི་བྱེད་པོས་འབྲེལ་ཡོད་ཁུལ་ཁོངས་སུ་ཡོངས་ཁྱབ་ངང་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིགས་མཚམས་འཇོག་བྱེད་དགོས་པའི་བླང་བྱ་བཏོན་མི་ཆོག
དོན་ཚན་ཞེ་དགུ་པ། སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་དྲང་གཞག་ཚུལ་མཐུན་དང་ཡ་རབས་ལྡན་པའི་ཁྲིམས་སྒྱུར་བྱེད་སྟངས་ལ་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
ལེའུ་ལྔ་པ། ཁྲིམས་སྐྱོང་འགན་ལེན།
དོན་ཚན་ལྔ་བཅུ་པ། ཁྲོམ་རའི་བྱེད་པོའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྲིད་གཞུང་གི་སྒྲིག་སྲོལ། དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་བཅས་བཟོ་འབེབས་བྱེད་སྐབས། ངེས་པར་དུ་བཞུགས་མོལ་ཚོགས་འདུ་དང་། དཔང་ཉན་ཚོགས་འདུ། རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ་སོགས་བརྒྱུད་དེ་ཁྲོམ་རའི་བྱེད་པོ་དང་། ལས་རིགས་བཟོ་ཚོང་མཐུན་ཚོགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་དགོས། ཁྲིམས་ལྟར་གསང་བ་བསྲུང་དགོས་པ་ཕུད། ད་དུང་སྲིད་དོན་དྲ་བ་དང་ཚགས་པར་སོགས་ལ་བརྟེན་ནས་སྤྱི་ཚོགས་ཐོག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་དགོས་པ་མ་ཟད། བསམ་འཆར་བསྡུ་ལེན་གྱི་གནས་ཚུལ་གསལ་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
དོན་ཚན་ང་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐབས་ཇུས་གལ་ཆེན་དང་ཚད་ལྡན་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་ལག་བསྟར་དང་བཙན་ཐབས་འཆུན་འདོམས་ལ་ཤུགས་སྣོན་བརྒྱབ་ནས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རའི་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་དང་བྱ་ཐབས་གཙང་སེལ་བྱེད་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རིགས་དུས་བཀག་ལྟར་གཙང་བཤེར་དང་ཟུར་བཤེར་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཁྲོམ་རའི་བྱེད་པོའི་བསམ་འཆར་ཤུགས་ཆེ་བ་དང་། གནད་དོན་གཅིག་སྡུད་ཆེ་བ། སྲིད་འཛིན་དབང་ཆ་གང་བྱུང་དུ་སྤྱོད་པ་བཅས་ཀྱི་འགྲན་རྩོད་ལ་ཚོད་འཛིན་བཟོ་མཁན་ལས་རིགས་དང་ས་ཁུལ་གྱི་ཚད་ལྡན་ཡིག་ཆའི་རིགས་ལ་གཙོ་གནད་དུ་གཙང་བཤེར་དང་ཟུར་བཤེར་བྱས་ནས། ཟུར་བཤེར་བྱས་འབྲས་ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ཟུར་བཤེར་བྱེད་པའི་ཁྲོད་འགྲན་རྩོད་ལ་ཚོད་འཛིན་བཟོ་བ་དང་འགྲན་རྩོད་ཕྱིར་འབུད་ཀྱི་གནད་དོན་ཡོད་པའི་ཚད་ལྡན་ཡིག་ཆ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་བཟོ་བཅོས་རྒྱག་པ་དང་རྩིས་མེད་གཏོང་དགོས།
དོན་ཚན་ང་གཉིས་པ། ཁྲོམ་རའི་བྱེད་པོའི་དཔལ་འབྱོར་བྱེད་སྒོ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་བཟོ་འབེབས་བྱེད་སྐབས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་པ་མ་ཟད། སྲིད་གཞུང་གིས་ཁྲོམ་རའི་ཐོན་ཁུངས་ཐད་ཀར་བགོ་སྒྲིག་བྱེད་པ་དང་ཁྲོམ་རའི་བྱེད་སྒོར་ཐད་ཀར་ཐེ་ཇུས་བྱེད་རིགས་ཉུང་དུ་གང་ཐུབ་བཏང་ནས་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་བཏོན་དགོས།
དོན་ཚན་ང་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། ཤེས་བྱའི་བདག་དབང་ལ་ཕྱོགས་བསྡུས་དོ་དམ་དང་། སྲིད་འཛིན་ཁྲིམས་འཛིན་དང་མཉམ་དུ་སྲུང་སྐྱོབ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། ཤེས་བྱའི་བདག་དབང་ལ་བཙན་གནོད་ཀྱི་ཆད་གཅོད་གུན་གསབ་ལམ་ལུགས་དོན་འཁྱོལ་དང་། ཤེས་བྱའི་བདག་དབང་གི་སྣ་མང་རྩོད་གཞི་ཐག་གཅོད་དང་ཁེ་དབང་སྲུང་སྐྱོང་གི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་བཙུགས་ཏེ། ཤེས་བྱའི་བདག་དབང་ལ་བཙན་གནོད་དང་རྫུན་ལྷད་ཞན་གསུམ་གྱི་ཟོག་འཚོང་བྱ་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས། ས་ཁམས་ཀྱི་མཚོན་རྟགས་བེད་སྤྱོད་བྱ་རྒྱུ་ཚད་ལྡན་བཟོ་བ་དང་། མ་རུངས་གཏུག་བཤེར་དང་ཚུལ་མིན་འགྲན་རྩོད་སོགས་ཀྱི་བྱ་སྤྱོད་བཀག་འགོག་བྱས་ནས་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།
དོན་ཚན་ང་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཚན་གྱིས་ངེས་པར་དུ་ངལ་རྩོལ་མི་དོན་གྱི་རྩོད་གཞི་འདུམ་འགྲིག་དང་ཞུ་གཏུག་ཁྲིད་སྟོན་གྱི་ཞབས་ཞུའི་ལམ་ལུགས་དང་། དཔང་འདོན་གསལ་བཤད་ལམ་ལུགས། གྱོད་གཞི་ཡོངས་བསྒྲགས་དང་འདྲི་ཞིབ་ལམ་ལུགས་བཅས་ལག་བསྟར་ནན་པོ་བྱེད་དགོས། ངལ་རྩོལ་དང་མ་རྩའི་སྣ་མང་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་འགལ་ཟླ་དང་རྩོད་གཞིའི་རིགས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། ངལ་རྩོལ་པ་དང་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས།
དོན་ཚན་ང་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགན་འཁྲི་མི་སྒྲུབ་པར་ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་བཟོས་ཚེ། དབང་ཆའི་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། འགན་འཁྲི་ཡོད་མཁན་འགོ་ཁྲིད་དང་ཐད་ཀའི་འགན་འཁྲི་ཡོད་མིར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་ང་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཁེ་ལས་དང་བྱ་གཞག་ཚན་པ་དང་། ལས་རིགས་ཀྱི་མཐུན་ཚོགས་དང་ཚོང་ཚོགས། དེ་བཞིན་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་ཀྱིས་ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་བཏང་ཚེ། འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་ཡིད་རྟོན་ཟིན་ཐོར་འགོད་རྒྱུ།
ལེའུ་དྲུག་པ། ཞར་བྱུང་།
དོན་ཚན་ང་བདུན་པ། སྲོལ་ཡིག་འདི་2025ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་ནས་མཁོ་འདོན་བྱས)