《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月08日

རང་ཡུལ་གྱི་ས་བོན“གཅེས་ནོར་གསར་པར”གྱུར་པ།

—— ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་སྐོར་གྱི་མཐོང་ཐོས།

ད་ལོའི་དཔྱིད་རྨོད་དཔྱིད་འདེབས་རིང་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་འདེབས་གསོ་བྱས་པའི“ལྷོ་ཁའི་དགུན་གྲོ་ཨང་7པ”དང“ནས་ནག”རྫོང་ཡོངས་སུ་གཞི་ཁྱོན་ཆེན་པོས་འདེབས་འགོ་ཚུགས་པ་རེད།

ན་ནིང་རྫོང་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་14741ཟིན་པ་དང་འབྲུ་རིགས་ཐོན་ཚད་ཏུན་3500.9ཟིན་ཞིང་ནས་ཀྱི་ཐོན་ཚད་ཏུན་3113.8ཟིན་གྱི་ཡོད་པ་རེད།

འདི་ལོ་མཚོ་སྨད་ཀྱི་གནམ་གཤིས་དང་འཚམ་པའི་སོན་བཟང་དེ་མཚོ་སྨད་རྫོང་གི་ཞིང་འབྲོག་པའི“གཅེས་ནོར་གསར་པར”གྱུར་པ་མ་ཟད། ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད།

རྨོ་ཞིང་ཞིང་ས་གཤིན་པོར་གྱུར་ནས་ལོ་ལེགས་ལ་གདེང་ཚོད་ལྡན་པ།

གསར་འགོད་པས་མཚོ་སྨད་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་རྨོ་ཞིང་རྣམ་གྲངས་སྐྲུན་ཡུལ་ནས་འཕྲུལ་ཆས་ཆེ་གྲས་ཕར་འགྲོ་ཚུར་འོང་བྱེད་པ་དང་དེ་སྔ་ཐར་ཐོར་དུ་གནས་པ་དང་ཁོད་མི་སྙོམས་པའི་ས་ཆ་དེ་བལྟོས་བཅས་ཀྱིས་གཅིག་སྡུད་དང་རྒྱ་ཁྱོན་དོ་སྙོམས་ཀྱི་རྨོ་ཞིང་དུ་གྱུར་པ་མཐོང་བྱུང་།

“སྔོན་ཆད་རྨོ་ཞིང་ཚད་ལྡན་མིན་པ་དང་། ཞིང་ནང་འཕྲུལ་ཆས་སྤྱོད་རྒྱུར་འཚམ་པོ་མེད་མོད། འོན་ཀྱང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ཞིང་ནང་གི་ཆུ་བེད་དང་ས་རྒྱུའི་རྨང་གཞིའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་བསྒྱུར་ནས་ཐོན་སྐྱེད་ལས་ཆོད་དང་ས་ཞིང་གི་ཕན་འབྲས་ཇེ་ཆེར་སོང་ཡོད”ཅེས་མཚོ་སྨད་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

ས་ཞིང་ནི་ཞིང་ལས་ཀྱི་རྩ་བ་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་པ་བརྒྱུད། རྨོ་ཞིང་གི་ཆུ་བེད་དང་ཞིང་ནང་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དང་རྨོ་ཞིང་གི་སྤུས་ཚད་མཐོ་རུ་ཕྱིན་ནས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་ནུས་རྒྱུན་ཆད་མེད་པར་མཐོ་རུ་དང་འབྲུ་རིགས་བདེ་འཇགས་བརྟན་དུ་ཕྱིན་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) 2024ལོར་མཚོ་སྨད་རྫོང་གིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་1000འཛུགས་སྐྲུན་ལེགས་གྲུབ་དང་ཚད་གཞི་མཐོ་བའི་ས་ཞིང་མུའུ་1000སྒྱུར་བཀོད་རིམ་སྤོར་བྱས་པ་རེད།

ཚན་རྩལ་གྱིས་ནུས་པ་གསར་པ་སྦྱིན། རང་ཡུལ་གྱི་ས་བོན་འདེབས་གསོ་བྱེད།

མཚོ་སྨད་རྫོང་གནས་བཞི་ཤང་གི་ཞིང་ནང་དུ་ལག་རྩལ་པ་ལྷག་པས་སོན་སྦར་གང་བཟུང་ཞིང་ཤ་རྩི་ཅུང་ནག་པའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན“སྔོན་ཆད་ས་ཆ་གཞན་གྱི་ས་བོན་ཉོ་བ་དང་ས་ཆུ་འཕྲོད་མེད་ཐད་སེམས་ཁྲལ་འདུག ད་ལྟ་ང་ཚོ་རང་ཉིད་ཀྱིས་འདེབས་གསོ་བྱས་པའི་ས་བོན་སྤྱད་པས་ས་ཆུ་ཧ་ཅང་འཕྲོད་པོ་འདུག དེ་ང་ཚོའི‘ནོར་བུ’རང་རེད”ཅེས་བཤད།

མཚོ་སྨད་རྫོང་གིས་བསྐྲུན་ཟིན་པའི་ཚད་གཞི་མཐོ་བའི་ས་ཞིང་ལ་བརྟེན་ནས་རྫོང་གཞན་ནས་སྤུས་ལེགས་ཀྱི་ནས་སོན་ཉོས་ཏེ་འདེབས་གསོ་བྱེད་ཀྱི་ཡོད། ས་བོན་གྱི་སྤུས་ཚད་འགན་ལེན་བྱ་ཆེད། སྤུས་ལེགས་སོན་ཁུངས་དང་། ཆུ་དང་ལུད་དོ་དམ། ནད་འབུ་དང་རྩྭའི་གནོད་སྐྱོན་འགོག་བཅོས་སོགས་ཀྱི་བརྒྱུད་རིམ་ཁྲོད་ཞིང་ལས་ལག་རྩལ་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ཀྱི་མེད། 2024ལོར་མཚོ་སྨད་རྫོང་གི་གྲོང་ཁྱེར་རིམ་པའི་ས་བོན་ཞིང་ནང་གསོ་སྐྱོང་བྱས་པའི“ནས་ནག”ཐོན་ཚད་མཐོ་བ་དང་། སྤུས་ཀ་ལེགས་པ། ཐན་འགོག་དང་འཁྱགས་བཟོད་རང་བཞིན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། ཞིང་ནང་ས་བོན་རིགས་གཅིག་ཁོ་ན་འདེབས་འཛུགས་བྱེད་པ་དེར་མཚོ་སྨད་རྫོང་ཞིང་འབྲོག་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཨོ་རྒྱན་ལུང་རྟོགས་ཀྱིས“རྫོང་གཅིག་ལ་སྤུས་རྟགས་གཅིག”ཅེས་བརྗོད་ཀྱི་ཡོད།

ས་བོན་དེ་ཁྱབ་གདལ་གཏོང་བར་ཕན་འབྲས་བཟང་པོ་ཡོང་བའི་འགན་ལེན་བྱ་ཆེད། མཚོ་སྨད་རྫོང་གིས“ལག་རྩལ་པས་གནས་སྡོད་ཞབས་ཞུ་དང་། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཚན་རྩལ་ཆེད་མངགས་པ། ཞིང་ལས་ལག་རྩལ་དམིགས་བསལ་གདན་ཞུ་མི་སྣ་ཞུགས་པའི”ལས་ཀའི་ལམ་སྲོལ་སྤྱད་དེ་ཞིང་ནང་དུ་བསྐྱོད་ནས་མཛུབ་ཁྲིད་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་ཡུལ་གྱི་ས་བོན་གྱི་ཁྱད་ཆོས་དང་ལེ་ལག་འདེབས་གསོའི་ལག་རྩལ་དུད་ཚང་དང་མི་ཚང་མར་ཁྱབ་གདལ་བཏང་ནས་ལག་རྩལ་ཞབས་ཞུ་གནས་ལ་འཁེལ་ཚད་ཆེ་རུ་ཏན་ཏིག་བཏང་བ་རེད། མིག་སྔའི་བར་མཚོ་སྨད་རྫོང་གིས་རང་ཡུལ་གྱི“ནས་ནག”ས་བོན་ཏུན་42.5ཉོ་སྒྲུབ་བྱས་པ་རེད།

གོ་སྐབས་བཟང་པོ་དང་ཐབས་ཤེས་བཟང་པོ་ཟུང་འབྲེལ་བྱས་ནས་ཐོན་འཕར་ཕན་ཆེ་བྱུང་བ།

ཉིན་ཤས་བསྟུད་མར། མཚོ་སྨད་རྫོང་གིས་སྲིད་ཇུས་དོན་འཁྱོལ་དང་། ཞིང་ལས་ལག་རྩལ་གྱི་གསོ་སྦྱོང་། ཞིང་ཆས་འགན་ལེན་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ཞིང་ལས་ལག་རྩལ་པ་དང་ཚན་ཞིབ་རིགས་གཅིག་མཁས་ཅན་སྐུལ་སློང་ཧུར་ཐག་བྱས་ཏེ་ཞིང་ནང་མུ་ཁ་དང་ཞིང་དུད་ཀྱི་ཁྱིམ་དུ་བསྐྱོད་པ་དང་། “ཁ་བརྡ་གློད་པ”དང“གོ་བདེ་བའི་སྐད་ཆར”བརྟེན་ནས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་དང་དེ་བཞིན་རྨོ་ཞིང་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དག་མང་ཚོགས་ལ་ཤེས་སུ་བཅུག་ཡོད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་1293.71བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་གཏོད་པར་སྤྱད་པ་མ་ཟད་ཞིང་རྨོའི་འཕྲུལ་ལམ་དང་ཆུ་རྫིང་ཆུང་གྲས་བཟོ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་བཏང་ཡོད། ས་བོན་དང་། རྫས་ལུད། ཞིང་སྨན་སོགས་ཞིང་སྤྱོད་དངོས་ཟོག་གྲབས་གསོག་དབོར་འདྲེན་གྱི་ལས་དོན་སྤྱི་འདོམས་ངང་མཐུན་སྦྱོར་བྱས་ཤིང་། ཞིང་ཆས་ཐོན་རྫས་ཀྱི་སྤུས་ཚད་འགག་སྒོ་ནན་དུ་བཏང་ནས་ཞིང་ཆས་མཁོ་སྤྲོད་ཀྱི་གྲངས་ཚད་འདང་ངེས་དང་། སྤུས་ཀ་ལེགས་པ། རིན་གོང་བརྟན་པོ་བཅས་ཡོང་བར་བྱས་ཡོད། ལག་རྩལ་པས་མཛུབ་ཁྲིད་བྱས་ནས་མང་ཚོགས་ལ་ས་ཞིང་རྨོ་ལོག་རྒྱག་པ་དང་། ཞིང་ཁར་ལུད་རྒྱག་པ། མྱུག་གསོ་རྨོན་འདེབས། ཞིང་ནང་གཡོག་བྱེད་སོགས་ཐོན་སྐྱེད་གནད་དོན་ཐག་གཅོད་བྱས་ཡོད། ཞིང་ལས་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཀྱི་རང་མདངས་བརྟན་སྲུང་བྱས་ཤིང་། ཁྱིམ་ལུད་ཁྱབ་གདལ་བཏང་ནས་ས་རྒྱུའི་གྲུབ་ཆ་ལེགས་སྒྱུར་བྱས་ཏེ་ཕྱིའི་སྦགས་བཙོག་ཆུང་དུ་བཏང་ཡོད།

མིག་སྔའི་བར། མཚོ་སྨད་རྫོང་གིས་ཆེད་ལས་ལག་རྩལ་པ་དང་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་ཁྱིམ་ལུད་ཏུན་ཁྲི་2.5བསགས་པ་དང་། རྫས་ལུད་ཏུན་117དང་ཞིང་སྨན་ཏུན་0.431 ཚོང་སྒྱུར་སྐྱེ་ལྡན་ལུས་ཏུན་147དབོར་ནས་སྤྲད་ཅིང་། ཞིང་འཕྲུལ་45ཉམས་གསོ་བྱས་པ་དང་། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྒོར་ཁྲི་20.234དོན་འཁྱོལ་བྱས་པ། རྨོ་ཞིང་གི་ས་བཅུད་ཁ་གསབ་སྒོར་ཁྲི་68.54དོན་འཁྱོལ་བྱ་རྩིས་ཡོད་ལ་ཞིང་ལས་ལོ་ཏོག་གི་སོན་བཟང་ཁྱབ་གདལ་གཏོང་ཚད་86%ཡན་ཟིན་པ་བཅས་རེད།

“ད་ལོ་ང་ཚོས་ས་ཞིང་མུའུ་14317.24འདེབས་རྩིས་ཡོད་པ་དང་། མིག་སྔའི་བར་ས་ཞིང་མུའུ་8400ལྷག་ཙམ་ལ་དཔྱིད་ལོག་བརྒྱབ་ནས་དཔྱིད་ལོག་རྒྱག་ཚད་59%ཟིན་ཡོད། རྫོང་ཡོངས་ཀྱི་དཔྱིད་འདེབས་ལས་དོན་སྔོན་དཔག་ལྟར་ན་ཟླ་5པའི་ཟླ་སྟོད་དུ་ལེགས་སྒྲུབ་བྱ་རྒྱུ་རེད”ཅེས་མཚོ་སྨད་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་ཅིང་། ཁོང་གིས། ད་ལོའི་དཔྱིད་འདེབས་ཀྱི་ས་བོན་ཚང་མ་རྫོང་གི་ཞིང་ས་ནས་གསོ་སྤེལ་བྱས་པའི་སྤུས་ལེགས་ས་བོན“ནས་ནག”ཡིན། དུས་མཇུག་ཏུ་ཞིང་ནང་གཡོག་བྱེད་ཡག་པོ་བྱས་ནས་ཆ་སྙོམས་མུའུ་རེར་ཐོན་ཚད་རྒྱ་མ་667ཡན་དུ་སླེབས་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

(གནམ་ཕྱུག་རྒྱལ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)