འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་སྤྱོད་ཚུལ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོ་ནག་ཆུ་གྲོང་ཁྱེར་གྱིས“གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ནག་ཆུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ལ་དམིགས་ནས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས་གཞི་རིམ་དུ་བསྐྱོད་ནས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག གཞི་རིམ་དུ་བསྐྱོད་ནས་ཡིག་འབུལ་ཞུ་བཅར་ལ་སྣེ་ལེན། གཞི་རིམ་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་བཅས་བྱས་ཏེ“སྤུས་ཚད་དང་ཕན་འབྲས་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྷག་བསམ་རྣམ་དག་དང་། བརྩེ་བ་ཟབ་མོ། ནུས་ཤུགས་ཡོད་རྒུ”བཅས་ཀྱི་སྒོ་ནས་དམངས་འཚོའི་བྱ་བ་དངོས་ཁག་གཅིག་བསྒྲུབས་པ་དང་གཙོ་གནད་ལས་དོན་ཁག་གཅིག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།
འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་གཞི་རིམ་དུ་བསྐྱོད་དེ་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་བྱས་ཤིང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རིམ་བཞིན“མི་སེར་ཕལ་པའི་ཁྱིམ་དུ་ཁྱབ་གདལ”བཏང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལ་ཐོབ་པའི་ཕྱོགས་ཡོངས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་། དོན་དངོས་སྒྲུབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ“གཞི་རིམ་དུ་སྐྱོད་པ་བཞིའི”དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞི”ལ་སྐུལ་འདེད་གཏོང་བའི་དཀའ་གནད་དང་འགག་གནད་ལ་དམིགས་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཟབ་འཇུག་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ནན་ཏན་གྱིས་གནས་ཚུལ་ངོ་མ་གསལ་པོ་ཤེས་པ་དང་། གནད་དོན་གནད་ལ་འཁེལ་པོ་འཚོལ་བ། ཁ་གཏད་འཇལ་ཐབས་ཡག་པོ་བཟོ་བ་བཅས་བྱས་ཏེ་གནད་དོན་ཐག་གཅོད་དང་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཡོད།
འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་གཞི་རིམ་དུ་བསྐྱོད་དེ་ཡིག་འབུལ་ཞུ་བཅར་ལ་སྣེ་ལེན་ཞུས་ཤིང་། “མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་མི་དམངས་ཀྱི་ཆེད་དུ་ཡིན་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ་འགོ་ཁྲིད་ཀྱིས་ཡིག་འབུལ་ཞུ་བཅར་སྣེ་ལེན་འགན་གཙང་ལེན་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། གཙོ་གནད་སྐོང་འདྲི་དང་། ཆེད་དོན་ཞུ་བཅར་ལ་སྣེ་ལེན། གྱོད་དོན་གཤམ་འདྲི། ཁྱིམ་དུ་འཚམས་འདྲི་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་མཁོ་ཆེ་ས་དང་བསམ་བློ་གཏོང་སར་ཕྱོགས་ཡོངས་ནས་བརྡ་ལན་བསློགས་ཏེ། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་མང་ཚོགས་ལ་འབྲེལ་གཏུག་བྱེད་པ་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཧུར་ཐག་བསལ་ཡོད།
འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་གཞི་རིམ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་ཤིང་། “ཁྲི་སྟོང་གི་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་གང་ལེགས་འཛིན་ཏེ་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་དམངས་འཚོའི་དོན་དངོས་ཁག་གཅིག་བསྒྲུབས་རྒྱུ་གཙོ་གནད་དུ་བཟུང་ནས། མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་དོན་དངོས་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཡོད། “ངས་མང་ཚོགས་ཆེད་དོན་དངོས་སྒྲུབ་པ”དང“སྡེ་ཚན་རེར་ལོ་གཅིག་ལ་བྱ་བ་རེ” “གྲོང་ཚོ(གྲོང་ལྷན)རེར་ལོ་གཅིག་ལ་བྱ་བ་རེ”“ཆ་སྒྲིག་རོགས་སྐྱོར”སོགས་ཀྱི་བྱ་ཐབས་མུ་མཐུད་དོན་འཁྱོལ་བྱས་ཏེ“ཐོ་འགོད་གཉིས”དང“ལས་ཁུངས་ཀྱི་སྒོ་འབྱེད་ཉིན་མོ”སོགས་རྒྱུན་གཏན་ནས་མང་ཚོགས་ལ་འབྲེལ་གཏུག་བྱེད་པ་དང་ཞབས་འདེགས་ཞུ་བའི་བྱེད་སྒོ་དེ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
(བསྟན་བློས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)