དམར་ཁ་ཚ།
འཛུམ་ཆུང་མེ་ཏོག་སེམས་སུ་བཞད་པས། །
ཡིད་ཀྱི་བརྟན་པ་དབང་མེད་ཕྲོགས་སོང་། །
བཅངས་པའི་བརྩེ་བ་དྭངས་གཙང་ཡིན་རུང་། །
སྙིང་གཏམ་དྲོན་མོ་བཤད་པར་མ་ནུས། །
སྒེའུ་ཁུང་ངོགས་ཀྱི་རྨི་ལམ་ནང་དུ། །
ཁྱོད་རང་འཁོར་བ་ཐེངས་གཅིག་མ་རེད། །
དྲན་གདུང་ཡིད་ཀྱི་རྟ་ཁ་ལྷོད་ན། །
ཁྱོད་ཀྱི་ཕྱོགས་སུ་དབང་མེད་རྒྱུག་འགྲོ། །
རི་སྡེ་གཅིག་ལ་མཉམ་དུ་འཛོམས་པ། །
སྨོན་ལམ་བཟང་པོའི་ནུས་མཐུ་ཨེ་རེད། །
ལྷན་དུ་འགྲོགས་པའི་སྐལ་བ་འདི་ཡང་། །
སྐྱེ་བ་གཅིག་གི་འབྲས་རྟགས་ཡིན་ནམ། །
ཁྱོད་རང་མེད་པའི་ཉིན་ཞག་དག་ལ། །
སེམས་ཆུང་དམར་པོ་འཁྱག་པས་བསྡམས་འགྲོ། །
ཁྱོད་རང་ཉེ་བའི་ཤེད་ན་ཡོད་དུས། །
སེམས་ཀྱི་དྲན་ཤིང་ཁྱོད་ཉིད་ཡིན་འགྲོ། །
རུ་སྡེ་གཅིག་ནས་ལྷན་དུ་འཕྲད་དུས། །
མིག་ཟུང་གཉིས་པོ་གདོང་ལ་གཏད་ཡོད། །
མི་ཚོགས་དཀྱིལ་ནས་ཁྱོད་རང་འགྱིང་ན། །
དམ་དུ་འཁྱུད་པའི་ཚོར་བ་ཟབ་ཡོང་། །
ཤ་དང་ཁྲག་གི་འབྲེལ་བ་མེད་ཀྱང་། །
རིགས་དང་རྒྱུད་པའི་རྙོག་དྲས་དབེན་རུང་། །
སེམས་སྤོབས་ཆུང་ཆུང་ཆུང་ཆུང་ཞིག་གིས། །
དགའ་རུང་སྙིང་གཏམ་བཤད་པར་མ་ཕོད། །
ཟླ་འོད་མེད་པའི་མཚན་མོ་ཞིག་ལ། །
ཁྱོད་རང་མཇལ་དུ་འགྲོ་འདོད་ཆེ་ཡང་། །
སྙིང་གི་འཕར་ལྡིང་རྒོད་ཀྱིན་རྒོད་ཀྱིན། །
གོམ་ཁ་མྱུར་མོ་ཕྱིར་ལ་འཁོར་སོང་། །
ཕར་ལ་བརྩེ་བའི་མེ་ཏོག་བཞད་ཀྱང་། །
ཚུར་ལ་དུང་བའི་ཉམས་ཤིག་མེད་པས། །
ཡུན་རིང་ཉར་བའི་སེམས་ཀྱི་གསང་བ། །
བཤད་ན་འདོད་ཀྱང་མགྲིན་པ་བརྣངས་སོང་། །
སྨྲ་བརྗོད་ཉུང་བའི་གཤིས་བཟང་བུ་མོ། །
ཁྱོད་ཀྱི་སེམས་པ་གང་དུ་གཡེང་བ། །
མ་འོངས་འཚོ་བའི་གཞིས་ཁྱིམ་གཅིག་པའི། །
ལས་ཀྱི་མི་དེ་ནམ་ཞིག་འཚོལ་རྒྱུ། །
གཞན་དང་འགྲོགས་པའི་སེམས་ཐག་མ་ཆོད། །
ཁྱོད་དང་འདྲིས་ཀྱང་སྙིང་གཏམ་མ་ཐོས། །
རེ་སྒུག་ཅེས་པའི་ཐ་སྙད་བར་ནས། །
ཁོ་བོའི་ལང་ཚོ་རྒས་ལ་ཉེ་ཡོང་། །