འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་མགོ་གྲོང་ཚོའི་རིག་གནས་ཐང་ཆེན་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། འཁྲབ་སྟོན་པ་ཚོས་སྤྲོ་སྣང་ཆེན་པོས་ཐུན་མོང་མ་ཡིན་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
འཁྲབ་སྟོན་བྱ་ཡུལ་དུ་གྲ་ནང་རྫོང་སྒྱུ་རྩལ་ཚོགས་པས་ཞབས་བྲོ《བསྐལ་པ་བཟང་པོར་བསྟོད་གླུ་འབུལ》ཞེས་པ་འཁྲབ་ནས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གསོན་ཉམས་དོད་པོས་མངོན་པར་ལྟད་མོ་བ་རྣམས་ཀྱི་དགའ་འབོད་ཡང་ཡང་ཐོབ་པ་དང་། བསམ་ཡས་སྡེ་ཁུལ་གྱི་གཞས་པ་གཞས་མ་ཚོས་རྣ་བར་འཇེབས་པའི་བོད་གཞས་བཏང་ནས་རང་ཉིད་ཀྱི་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་མཛེས་སྡུག་ལྡན་པའི་འཚོ་བ་ལས་བྱུང་བའི་སྤྲོ་སྣང་མཚོན་པར་བྱས་པ། མཆན་མདའ་གྲོང་ཚོའི་འཁྲབ་ཚན་ཐུང་གྲས《གྲོང་པ་ཁྱིམ་མཚེས》ཞེས་པའི་ནང་དགོད་བྲོ་བའི་འཁྲབ་སྟངས་ལ་བརྟེན་ནས་གྲོང་གསེབ་ཀྱི་འཚོ་བའི་གནས་ཚུལ་ཆུང་ཙག་གླེང་ཡོད་པས། མང་ཚོགས་ཚང་མ་དགའ་པོ་བྱུང་ལ་དགོད་སྒྲའི་ཁྲོད་ཞི་མཐུན་མཛའ་མཐུན་གྱི་དྲང་ནུས་བརྒྱུད་སྤྲོད་བྱུང་བ། གནས་མགོ་གྲོང་ཚོའི་གྲོང་མི་ཚོས་ཀྱང་གཞན་ལས་མི་དམན་པར་རང་རྩོམ་རང་འཁྲབ་བྱས་པའི་ལེ་ཚན་འཁྲབ་ནས་གྲོང་གསེབ་ཀྱི་རྣམ་པ་གསར་པ་མངོན་པར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་ལས་ཡུལ་མི་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ད་དུང་གྲོང་ཚོ་ཁག་དབར་གྱི་རིག་གནས་སྤེལ་རེས་ཀྱང་ཟབ་ཏུ་ཕྱིན་ཏེ། རིག་གནས་ཐོན་ཁུངས་གཞི་རིམ་དུ་སྤེལ་ནས་མང་ཚོགས་འཚོ་བའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བའི་དམིགས་ཡུལ་གྲུབ་ཡོད་པ་རེད། (སྐལ་མཆོག་གིས་བསྒྱུར། སྤེན་ཚེ་དང་སྐལ་མཆོག་གིས་ཞུས)