《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月06日

ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས།

“གསར་བརྗེའི་ཏང་འཛུགས་སྐྱོང”ལ་བརྟེན་ནས“རིག་གནས་ ཡུལ་སྐོར”གྱི་ཚ་རླབས་འཕྱུར་བར་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། 2024ལོ་ཚུན་དུ། བྲག་གཡབ་རྫོང་གིས་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་ལས་དོན་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད་བཅས་མཐའ་འཁྱོངས་ཀྱིས“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཤུགས་རྒྱག་ས་དང་ཚད་བརྒལ་ཡོང་གཞི་འཚོལ་ཞིབ་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ“སྒུལ་ཤུགས་གསར་པ”བསྣན་ཞིང་། རྫོང་ཨུད་རྩ་འཛུགས་པུས་སྣེ་ཁྲིད་དེ་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་། རིག་གནས་ཡུལ་སྐོར་ཅུས། ནོར་སྲིད་ཅུས་སོགས་འགན་ནུས་སྡེ་ཚན་དང་མཉམ་དུ་གྲོང་ཚོ(སྡེ་ཁུལ)143ལ་བསྐྱོད་དེ་ཕྱོགས་ཡོངས་ནས་བརྟག་ཞིབ་མཐིལ་རྟོགས་བྱས་མཐར་རྨང་གཞི་ལེགས་པ་དང་། མངོན་མེད་སྟོབས་ཤུགས་ཆེ་བ། ཁྱད་ཆོས་ལྡན་པ་བཅས་ཀྱི་གྲོང་ཚོ(སྡེ་ཁུལ)8“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”སྤུས་རྟགས་དཔེ་སྟོན་ས་ཚིགས་སྐྱེད་སྲིང་བྱ་ཡུལ་དུ་བདམས་ཡོད། གཞན་ཡང་། ད་དུང་བྲག་གཡབ་རྫོང་ཨུད་རྩ་འཛུགས་པུས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་དཔེ་སྟོན་ས་ཚིགས་སྐྱེད་སྲིང་དང་འབྲེལ་གཏུག་ལམ་ལུགས་བཙུགས་ནས་ལས་སྒོའི་རྐང་འཛིན་པ་བསྡུ་སྒྲིལ་བྱས་ཏེ། རྫོང་ཡོངས་ཀྱི“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”སྤུས་རྟགས་དཔེ་སྟོན་ས་ཚིགས་8སྐྲུན་པར་འབྲེལ་གཏུག་བྱས་པ་དང་འབྲེལ། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་མཛུབ་ཁྲིད་ཀྱང་བྱས་པ་རེད།

ཁྱད་ལྡན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི“མིང་བྱང་གསར་པ”བཏོད་ཅིང་། “ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”སྤུས་རྟགས་དཔེ་སྟོན་ས་ཚིགས་ཁག་གི་ཞིབ་ཕྲའི་གནས་ཚུལ་ལ་དམིགས་ནས། བྲག་གཡབ་རྫོང་ཨུད་རྩ་འཛུགས་པུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་ནས་འགོ་ཚུགས་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གཞུང་དོན་སྒྲུབ་པའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ཏེ། དཔེ་སྟོན་ས་ཚིགས་ཁག་གི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་གཟུགས་བརྙན་གསར་པ་བཏོད་ཡོད། བྱམས་མདུན་གྲོང་རྡལ་མདའ་རྫོང་གྲོང་ཚོས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) གྲོང་གསེབ་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་100ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། གཙང་གསར་ཤང་ཁྲ་མོ་གྲོང་ཚོས་གྲོང་ཚོ་དེ་ཉིད་318ཁྲོན་བོད་གཞུང་ལམ་ལམ་ཐིག་གི“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”ཁྱད་ལྡན་ཡུལ་སྐོར་གྲོང་ཚོར་ཧུར་ཐག་བསྐྲུན་ནས་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་བཏོད་པ་དང་ཆབས་ཅིག ཁོང་ཚོར་རོགས་པ་བྱས་ཏེ་རང་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་འཕར་བར་བྱས་པ་རེད།

སྐུལ་ཁྲིད་ཀྱི་ཕན་ནུས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི“སྒུལ་ནུས་གསར་པ”སྐུལ་སློང་བྱས་ཤིང་། བྲག་གཡབ་རྫོང་ཨུད་རྩ་འཛུགས་པུས“གཟུགས་བརྙན་གཏོད་པ་དང་། ཉམས་འགྱུར་མངོན་པ། ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། ནུས་ཕྱོད་ཆེ་རུ་གཏོང་བ”བཅས་ཀྱི་ལས་ཀའི་བླང་བྱར་གཞིགས་ནས་དཔེ་སྟོན་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གསོ་སྦྱོང་ལ་དམ་འཛིན་ནན་ཏན་བྱས་ཡོད། 2024ལོ་ཚུན་དུ། རྫོང་ཨུད་ཏང་གི་སློབ་གྲྭར་བརྟེན་ནས་དྲ་ཐོག་གསོ་སྦྱོང་དུས་ཐེངས་10གཉེར་ཏེ་དཔེ་སྟོན་ས་ཚིགས་ཀྱི་ལས་ཀའི་ནུས་ཕྱོད་ཆེ་རུ་ནུས་ལྡན་བཏང་ཡོད། དཔེ་སྟོན་ས་ཚིགས་ཁག་གིས་འགོ་ཁྲིད་བརྟག་ཞིབ་མཛུབ་ཁྲིད་བྱེད་པར་གདན་དྲངས་པ་དང་། ཏང་ཡོན་སྒྲིག་འཛུགས་བྱས་ཏེ་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་90ལྷག་ཙམ་སྤེལ་བར་མང་ཚོགས་དང་ཡུལ་སྐོར་བའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་རེད།

(པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)