《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月06日

སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད།

སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སྐྱིད་གྲོང་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གུས་མཇལ་ཞུ་བཞིན་པ།

ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གྲོགས་པོ་ཆུང་ཆུང་ཚོས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སོས་པ་འབུལ་བཞིན་པ།

ཟླ་4ཚེས་4ཉིན་དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཡན་ལག་རུ་ཁག་ཅིག་གི་དཔོན་དམག་གིས་སྤོ་བོ་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ། བོད་ལ་བཅིངས་འགྲོལ་གཏོང་སྐབས་དང་ཁྲོན་བོད་གཞུང་ལམ་སྐྲུན་སྐབས་རང་སྲོག་བློས་གཏོང་མཁན་དཔའ་བོ་ཚོར་མེ་ཏོག་སོས་པ་འབུལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་4ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། དྭངས་གསལ་དུས་ཚིགས་སླར་ཡང་འཆར། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དུར་མཆོད་ཀྱི་བྱེད་སྒོ་སྤེལ་ཏེ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་བཞིན་ཡོད།

ཟླ་4ཚེས་4ཉིན། རང་སྐྱོང་ལྗོངས་ཀྱི“ང་ཚོའི་དྭངས་གསལ་དུས་ཚིགས”ཞེས་པའི་གཞིས་རྩེ་གྲོང་ཁྱེར་གྱི་རང་སའི་དཔེ་སྟོན་བྱེད་སྒོ་གཙོ་བོ་གཞིས་རྩེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྤེལ་ཞིང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་བརྗིད་ཉམས་ལྡན་ལ་འགྱིང་ངེར་གནས་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་ལས་རིགས་ཁག་གི་འཐུས་མི་གྲལ་སྟར་འགྲིག་པོས་གུས་སྟབས་ཀྱིས་ལངས་ནས་བསྡད་ཡོད། ངག་བསྡམས་ནས་མྱ་ངན་ཞུས་རྗེས། ལོ་ཆུང་གདོང་ལེན་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་པའི་ཤུལ་འཛིན་པ་ཡིན》ཞེས་པའི་གླུ་གཞས་བླངས་པ་དང་སྦྲགས། འཐུས་མི་རྣམས་མདུན་དུ་དལ་བུར་བསྐྱོད་ནས་མི་དམངས་ཀྱི་དཔའ་བོ་ཚོར་མེ་ཏོག་སི་ར་དང་མེ་ཏོག་ཆོན་བུ་ཕུལ་བ་མ་ཟད། སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་མདུན་གྱི་རྩྭ་ངན་བཀོག་པ་དང་། བང་སོའི་རྡོ་རིང་འཕྱིས་པ། མེ་ཏོག་སོས་པ་འབུལ་བ་བཅས་བྱས་ཏེ། གསར་བརྗེའི་སྔོན་བྱོན་པ་ཚོར་རྗེས་དྲན་ཟབ་མོ་ཞུ་ལུགས་དང་། གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རྒྱུན་འཛིན་བྱེད་ལུགས། དེ་བཞིན་སྔོན་གཤེགས་དཔའ་བོས་རང་སྲོག་བློས་བཏང་ནས་ལེགས་སྐྱེས་ཕུལ་བར་གུས་འདུད་ཚད་མེད་ཞུ་ལུགས་བཅས་མཚོན་པར་བྱས་ཡོད།

ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཤུག་པ་སྔོ་ཐིང་ཐིང་དུ་སྐྱེས་ནས་རྔམ་བརྗིད་ལྡན་པ་ཞིག་མངོན། མིག་སྔར། གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་གྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་འཐུས་མི་230སྒྲིག་འཛུགས་བྱས་ཏེ། “སྔོན་གཤེགས་དཔའ་བོར་དུར་མཆོད་བྱེད། ལང་ཚོའི་སྙིང་སྟོབས་བརྟན་པོར་འཛུགས”ཞེས་པའི་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་། སྡེ་ཚོགས་ལ་ཞུགས་པའི་དམ་བཅའ་བསྐྱར་འཇོག དྲན་གསོ་ཁང་ལ་ལྟ་སྐོར་སོགས་ཀྱི་བྱེད་སྟངས་བརྒྱུད། རྒྱ་ཆེའི་གཞོན་ནུ་ཚོར་གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་ཁྲིད་སྟོན་བྱས་པ་རེད།

ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཏང་ཡོན་བརྒྱ་ལྷག་ཙམ་དང་ལྗོངས་ལུས་རྩལ་སློབ་གྲྭའི་སློབ་མ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་ནས་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་བ་རེད། ཏང་ཡོན་གྱི་འཐུས་མི་ཚོས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་བ་དང་དགེ་སློབ་ཡོངས་ཀྱིས་མེ་ཏོག་སོས་པ་ཕུལ་ཞིང་། དེ་རྗེས་ཚང་མས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དྲན་གསོ་ཁང་དུ་སྒྲིག་གཤོམ་བྱས་པའི་འགྲེམས་རྫས་དང་ལོ་རྒྱུས་ཀྱི་དཔྱད་ཡིག་སྐོར་གྱི་གསལ་འགྲེལ་ལ་ནན་ཏན་ངང་ཉན་པས།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་རྡོ་རྗེ་བྲག་ལྟར་བརྟན་པའི་ཕུགས་བསམ་དང་དད་སེམས་ལ་མྱོང་བ་ཟབ་མོ་བྱུང་ཡོད།

མིག་སྔར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱིས་ལས་དོན་པ་སྒྲིག་འཛུགས་བྱས་ནས། ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ“དྭངས་གསལ་དུས་ཚིགས་སུ་རྗེས་དྲན་ཞུ། སྔོན་བྱོན་མེས་པོ་ནམ་ཡང་སེམས་ལ་འཆང”ཞེས་པའི་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ཚང་མས་གུས་བཀུར་གྱི་བསམ་པ་བཅངས་ནས་སྒམ་བརླིང་ངང་ལངས་རྗེས་རྔམ་བརྗིད་ལྡན་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གུས་འདུད་ཞུས་པ་དང་རྒྱལ་གླུ་བླངས་ཤིང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་ཏེ་སྔོན་གཤེགས་དཔའ་བོར་མྱ་ངན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

ཟླ་4ཚེས་4ཉིན། མངའ་རིས་ས་ཁུལ་གྱིས་ཏང་སྲིད་དམག་ཉེན་དམངས་དང་སློབ་མ་བཅས་ཁྱོན་མི་གྲངས་595སྒྲིག་འཛུགས་བྱས་ཏེ། སེང་གེ་ཁ་འབབ་སྔོན་གཤེཌ་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་བྱེད་སྒོ་འགོ་ཚུགས་པ་དང་། རྒྱལ་གླུ་བླངས་རྗེས་འཐུས་མི་ཡོངས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཕྱོགས་ནས་ཀྲོང་ངེར་ལངས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། སྔོན་གཤེགས་དཔའ་བོར་གུས་བཀུར་ཞུ་བའི་སེམས་པ་དང་རྗེས་དྲན་དང་མྱ་ངན་ཞུ་ལུགས་མཚོན་པར་བྱས་པ་རེད།

ཟླ་4ཚེས་3ཉིན། མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་མང་ཚོགས་ཚོགས་པ་དང་རྒྱ་གྲམ་དམར་པོ་ཚོགས་པས་ཏང་ཡོན་དང་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭའི་དགེ་སློབ་བཅས་ཁྱོན་མི་40ལྷག་ཙམ་སྒྲིག་འཛུགས་བྱས་ནས། རུ་ཐོག་རྫོང་མཚོ་ངང་ལ་རིང་མོའི་གསར་བརྗེའི་ས་ཚིགས་སུ“ལོ་རྒྱུས་བློ་ལ་ངེས་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ཞི་བདེར་གཅེས་སྤྲས་བྱས་ནས་རེ་བས་ཁེངས་པའི་འབྱུང་འགྱུར་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་གསལ་འགྲེལ་པས་བརྩེ་བ་ཟབ་མོས་ཁྲེན་ཞང་རུང་སོགས་མཐའ་སྲུང་དཔའ་བོ་4ཡི་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དཔའ་བོའི་མཛད་རྗེས་བརྗོད་པ་དང་། ཚིག་འབྲུ་རེ་རེ་ནས་སེམས་ཤུགས་རབ་ཏུ་རྒྱས་པའི་ལོ་ཟླ་སླར་ཡང་ཀུན་གྱི་མིག་ལམ་དུ་གསལ་བར་བྱས་པས། དེ་གར་ཡོད་པའི་མི་རྣམས་ལ་དཔའ་བོ་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས་དང་འགན་འཁྲི་འཁུར་སེམས་ལ་མྱོང་ཚོར་ཟབ་མོ་བྱུང་བ་དང་། ཚང་མར་དཔའ་བོའི་སྙིང་སྟོབས་བློ་ལ་བརྟན་པོར་ངེས་པ་དང་། གོང་དུ་བཀུར་བ། རྒྱུན་འཛིན་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

ཟླ་4ཚེས་3ཉིན། རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིས་ལས་བྱེད་ལས་བཟོ་སྣང་རྫོང་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ལྟ་སྐོར་དང་། དུར་ཕྱགས། མཆོད་འབུལ་བཅས་བྱེད་པར་བཏང་ནས“སྔོན་གཤེགས་དཔའ་བོར་མཆོད་འབུལ་གྱིས། ལས་འགན་སྒྲུབ་སེམས་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་པ་མ་ཟད། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་བ་རེད། མཆོད་འབུལ་ཞུ་རིང་། སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་ཁག་གཅིག་གི་ཡི་གེའི་ཚོས་གཞི་ལོག་ཡོད་པས་ཚང་མས་སྤུ་སྨྱུག་གིས་དཔའ་བོའི་མིང་བསྐྱར་དུ་བྲིས་པ་དང་བང་སོའི་རྡོ་རིང་ཉེ་འཁོར་གྱི་རྩྭ་ངན་སོགས་གཙང་མ་ཕྱགས་པ་མ་ཟད། བང་སོའི་རྡོ་རིང་ཞིབ་ཚགས་པོས་འཕྱིས་པ་རེད།

ཉེ་ཆར། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཁུལ་གསུམ་པས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས། ཉིང་ཁྲི་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ“དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི”བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་སྒམ་བརླིང་ལྡན་པ་དང་ཚང་མས་དཔའ་བོའི་བང་སོའི་རྡོ་རིང་མཇལ་རྗེས། གསར་བརྗེའི་སྔོན་གཤེགས་དཔའ་བོས་བོད་ལ་བཅིངས་འགྲོལ་དང་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ཆེད་དུ། རང་སྲོག་བློས་བཏང་བ་དང་ཁྲག་དྲོན་སྐྱེས་སུ་ཕུལ་བའི་མི་སེམས་འགུལ་བའི་བྱས་རྗེས་ཤེས་རྟོགས་བྱས་པ་མ་ཟད། སྔོན་བྱོན་པ་ཚོས་ཚེ་སྲོག་ལ་བརྟེན་ནས་བཏོད་པའི་བོད་བསྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་བསྐྱར་དྲན་བྱས་པ་རེད།

ནག་ཆུའི་ས་གནས་ཁག་གིས་དྲན་གསོའི་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་སྤེལ་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་ཁོང་ཚོའི་སྙིང་སྟོབས་རྒྱུན་འཛིན་བྱས་པ་རེད། སོག་རྫོང་གིས་ལས་ཀར་ཡོད་པའི་རྫོང་རིམ་པའི་འགོ་ཁྲིད་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རུ་ཆེན་གྱི་རུ་མི། རྫོང་ཐད་གཏོགས་སྡེ་ཚན་ཁག་གི་ལས་བྱེད་པ། སློབ་གྲྭ་འབྲིང་ཆུང་གི་དགེ་སློབ། ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་སོགས་སྒྲིག་འཛུགས་བྱས་ནས་རྫོང་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ“རྒྱུན་མཐུད·2025·དྭངས་གསལ་དུས་ཚིགས་ལ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི”བྱེད་སྒོ་སྤེལ་བ་རེད། གསེར་རྙེད་ཆུས་བྱང་ཐང་ཁྲོམ་གཞུང་གིས་ལས་དོན་པ་ཡོངས་དང་དེ་བཞིན་ཁོངས་གཏོགས་ཀྱི་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སྒྲིག་འཛུགས་བྱས་ནས་ནག་ཆུ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ནག་ཆུ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས“དྭངས་གསལ་དུས་ཚིགས་སུ་རྗེས་དྲན་ཞུ། ཏང་ཡོན་གྱིས་ཁྲག་སྦྱིན་སྐྱེས་སུ་འབུལ”ཞེས་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་ཚུགས་ཀྱི་ལས་དོན་མི་སྣ་དང་འབྲེལ་མཐུད་བྱས་ནས་ཚོགས་སྒྲིག་ཁྲག་སྦྱིན་བྱེད་སྒོ་སྤེལ་བ་རེད།

ཟླ་4ཚེས་3ཉིན། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཁ་རུབ་རུ་འབྲིང་གིས་ཆབ་མདོ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མེ་ཟོན་ལས་སྒྲུབ་བྱས་ཏེ། མེ་གསོད་རུ་མིར་ལས་ཐོག་སྦྱོང་བརྡར་སྤྲོས་པ་དང་ལྷག་བསམ་ཟོལ་མེད་ཀྱིས་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་རེད། ལས་སྒྲུབ་རུ་ཁག་གིས་མེ་གསོད་ཡོ་ཆས་ཁྱེར་ཏེ་གཙོ་གནད་དུས་མཚམས་དང་གཙོ་གནད་ས་མཚམས་སུ་སྐོར་སྲུང་བྱས་ཏེ་ཉེན་ཁ་གྲལ་བཤེར་དང་། མངོན་མེད་རྐྱེན་ངན་སེལ་བ། མེ་སྐྱོན་སྔོན་འགོག་དང་ཚོད་འཛིན། ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཚད་གཞི་མཐོ་བ་བཅས་ཀྱི་སྒོ་ནས་ལས་དོན་ཡག་པོ་བསྒྲུབས་ཏེ་ཐོན་བཟོ་ཡོད་པའི་ཐོལ་བྱུང་དོན་རྐྱེན་ལ་དུས་ཐོག་ཏུ་ཁ་གཏད་བཅག་ཡོད།

(པ་སངས་ཚེ་རིང་དང་བསྟན་འཛིན་བློ་གྲོས་ཀྱིས་སྒྱུར་ཞུས་བྱས)