《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月04日

ས་མཐོར་ཆེས་མཛེས་སྡུག་ལྡན་པའི་དཔྱིད་དཔལ་མྱོང་རོལ་བྱེད།

ཟླ་གསུམ་པར་ས་མཐོའི་ས་གཞི་ཆེ་མོར་རིམ་བཞིན་དཔྱིད་དཔལ་བཞད་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ལོ་ཕྱེད་ཙམ་རིང་རྒྱུན་མཐུད་པའི་རེས་སྐོར་བདུན་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར”བྱེད་སྒོ་དེ་ཟླ་གསུམ་པའི་ཟླ་དཀྱིལ་ནས་མཇུག་འགྲིལ་ཡོད། བྱེད་སྒོ་དེ་ནི་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུའང་གྱུར་ཡོད།

རེས་སྐོར་བདུན་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་རིང་བོད་དུ་སྐྱོད་པའི་གནམ་གྲུའི་སྤ་སེ་ཁྲི་གཅིག་དང་མེ་འཁོར་སྤ་སེ་ཁྲི་གཅིག་སྤྲོད་པ་སོགས་རིག་གནས་ཡུལ་སྐོར་གྱི་བྲིན་ཚོང་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ་ལས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི” “ཕན་ནུས་དང་གོང་ཁེ་གཉིས་ཀ”གང་ལེགས་མངོན་ཡོད།

2024ལོའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་འགོ་བཙུགས་པ་དང་སྦྲགས་བོད་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ(དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད་པ)དུ་རིན་མེད་ངང་ལྟ་སྐོར་བྱེད་ཆོག་པའི་ནང་ཕོ་བྲང་པོ་ཏ་ལ་ནི་ལྟ་སྐོར་ལ་ཡོང་མཁན་མང་ཤོས་ཀྱི་གྲས་ཤིག་རེད།

ཟླ་3ཚེས་10ཉིན། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཧྲང་ཧའེ་ནས་ཚོགས་པ་བསྒྲིགས་ཏེ་བོད་དུ་ཡུལ་སྐོར་ལ་ཡོང་བའི་ཡུལ་སྐོར་བ་ཁ་ཤས་ཀྱིས་ཕོ་བྲང་པོ་ཏ་ལའི་མདུན་དུ་པར་རྒྱག་བཞིན་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་རབ་ཏུ་འཕྱུར་བཞིན་མཆིས།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཁོང་ཚོ་ནི་རིང་མིན་གོང་དུ་ཧྲང་ཧའེ་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”མེ་འཁོར་མཇུག་ཤོས་དེར་བསྡད་དེ་ཡུལ་སྐོར་ལ་ཡོང་བ་རེད། ད་ཐེངས་བོད་དུ་ཡོང་བ་ནི་ཁོང་ཚོ་རྒན་ཡོལ་ཞུས་རྗེས་ཀྱི་ཕྱོགས་ལ་ཐོན་ཐེངས་དང་པོ་རེད་ལ། ལྷ་སར་ཡུལ་སྐོར་བྱེད་པ་ཕུད་ད་དུང་དྲ་གྲགས་ས་གནས་ཆབ་མདོ་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ཁོངས་ཀྱི་ལ་སྒོ་འཁྱགས་རོམ་དུའང་ཆེད་མངགས་བསྐྱོད་ཡོད། ཁོང་ཚོས“བོད་དངོས་གནས་མཛེས་པོ་འདུག ཐེངས་གཅིག་ཡོང་བ་ཙམ་གྱིས་ཡིད་ཚིམ་མ་སོང་། རྗེས་སུ་ད་དུང་དུས་ཚིགས་མི་འདྲ་བའི་སྐབས་སུ་བོད་དུ་ཡོང་ནས་བོད་ཀྱི་མཛེས་སྡུག་མི་འདྲ་བ་ཉམས་སུ་མྱོང་གི་ཡིན”ཞེས་བཤད།

ཟླ་3ཚེས་15ཉིན་གྱི་ཉིན་དགུང་ཧོ་ནན་ཁའེ་ཧྥུང་ནས་ཡོང་བའི་ལོ་70ལྷག་ཙམ་ལ་སླེབས་པའི་སྐུ་ཞབས་ཧོང་ལགས་ཀྱིས་སླར་ཡང་ནོར་བུ་གླིང་ཁར་ཕྱིན་པ་དང་ད་ཐེངས་འགྲོ་ཐེངས་གསུམ་པ་ཡིན། ཁོང་གིས་རང་ཉིད་བོད་དུ་ཡོང་ཐེངས་རེར་དེ་གའི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་དམངས་སྲོལ་གོམས་འདྲིས་མྱོང་རོལ་ཐུབ་ཀྱི་འདུག་ཅེས་བཤད།

(བསོད་ནམས་བདེ་སྐྱིད་ཆེ་བས་བསྒྱུར། པ་ཕན་གྱིས་ཞུས)