“མི་ཚང་མར་ཕུགས་འདུན་དོན་གཉེར་བྱེད་པའི་གོ་སྐབས་ཡོད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་ནང་དོན་ངོ་མ་རེད་ཅེས་བརྗོད་ཆོག ཚོགས་སྤྱི་ཚང་མ་འདྲ་མཉམ་ངང་འཕེལ་རྒྱས་ཀྱི་འཕེལ་རིམ་ནང་ཞུགས་པ་དང་ཤེས་དཔལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལ་གཞི་ནས‘ཚེ་སྲོག་གི་དོན་སྙིང’ངོ་མ་ལྡན་སྲིད”ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་3ཚེས་28ཉིན《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱེད་སྐབས་གློག་རྡུལ་ཚན་རྩལ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲན་ཞུན་གྱིས་འདི་ག་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
བུད་མེད་ཀྱི་ཁེ་དབང་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན་པས། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་བུད་མེད་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་ཁ་འབྲལ་ཐབས་མེད། ཀྲན་ཞུན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་བྱས་པས་ཞིང་ནང་གི་བརྟག་དཔྱད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ད་རེས་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱེད་སྐབས་ཀྲན་ཞུན་གྱིས་བོད་ཀྱི་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འདྲ་མཉམ་ངང་འགན་སྲུང་བྱ་རྒྱུའི་ཐད་རང་ཉིད་ཀྱི་ལྟ་ཚུལ་བཤད་པ་རེད།
ཀྲན་ཞུན་གྱིས“བོད་རྙིང་པར་བུད་མེད་ཀྱི་སྤྱི་ཚོགས་གནས་བབ་དམའ་བ་དང་ལྷག་པར་དུ་བུད་མེད་དབུལ་ཕོངས་རྣམས་ཀྱི་ལས་དབང་ནི་རྩྭ་ཐག་ཞིག་དང་འདྲ་བར་ཧ་ཅང་ཉམས་ཐག་པ་ཞིག་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱུང་ནས‘གནམ་ཕྱེད་ཀ’འདེགས་ཀྱི་ཡོད”ཅེས་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྗོད།
ཆབ་སྲིད་ཀྱི་ཁེ་དབང་འགན་སྲུང་ཐད《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ནང་རྒྱལ་ཁབ་ལས་ཁུངས་དང་།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་ཀྱིས་བུད་མེད་རྣམས་རྒྱལ་ཁབ་དང་སྤྱི་ཚོགས་ལས་དོན་དོ་དམ་ནངཞུགས་པའི་ཆབ་སྲིད་ཀྱི་ཁེ་དབང་འགན་སྲུང་བྱེད་དགོས་ཞེས་གཏན་འབེབས་ཁ་གསལ་བྱས་ཡོད། བོད་ཀྱི་སྲིད་འཛིན་གྲོང་ཚོ(སྡེ་ཁུལ)100%ཚང་མའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ནང་བུད་མེད་ཡོད་པ་རེད།
བོད་ཀྱི་བུད་མེད་ཀྱི་བདེ་ཐང་འགན་སྲུང་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པའི་ཐད་ཀྲན་ཞུན་གྱིས་གྲངས་གཞི་ཞིག་དྲངས་ནས་གནས་ཚུལ་གསལ་བཤད་བྱས་དོན། སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་2012ལོའི་75.8%ནས་2023ལོའི་99.15%བར་མཐོ་རུ་ཕྱིན་པ་དང་སྦྲུམ་མ་ཤི་ཚད་38.63/ཁྲི་10བར་ཆག་ཡོད་པ་རེད།
ཀྲན་ཞུན་གྱིས་གསར་འགོད་པར་བོད་ཀྱི་བུད་མེད་ལ་སྲིད་ཞུགས་སྲིད་གླེང་ནང་འདྲ་མཉམ་ངང་ཞུགས་དབང་ཡོད་པ་དང་། ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་ཐོབ་པ། སྤྱི་ཚོགས་འཚོ་བའི་ཁྲོད་ནུས་པ་ཅུང་ཆེན་པོ་འདོན་ཐུབ་པ་བཅས་དེ་དག་ཚང་མ་བོད་ཀྱི་བུད་མེད་ལ་སློབ་གསོ་ཐོབ་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་ལས་བྱུང་བ་ཞིག་རེད། མིག་སྔར། བོད་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཕོ་མོའི་ཧེ་བག་གཞི་རྩའི་ཆ་ནས་མེད་པར་བཟོས་པ་དང་སྤྱིར་བཏང་གི་མཐོ་རིམ་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་བཅས་ཁྲོད་ཀྱི་བུད་མེད་སློབ་མའི་བསྡུར་ཚད་50%ཡན་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད།
“དུས་རབས་གསར་པའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལས་མི་ཚང་མར་འདྲ་མཉམ་ངང་ཕན་པ་ཐོབ་ཡོད”རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱིས་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁེ་དབང་འགན་སྲུང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། ཆེད་དམིགས་ཚོགས་སྤྱི་ཁག་ལ་མི་ཚེའི་རིན་ཐང་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ལྡན་པར་བྱས་ཡོད་ཅེས་བསྟན། ཀྲན་ཞུན་གྱིས་རྒྱབ་ཤ་དཀར་པོའི་དེབ་ནང་གི་ཞིབ་ཕྲའི་གྲངས་གཞི་དང་དོན་དངོས་བརྒྱུད་དེའི་ཐད་མི་རྣམས་ཡིད་ཆེས་རུང་བའི་རྒྱས་བཤད་བྱས་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་དུས་རབས་གསར་པའི་ཚུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་མྱུར་པོ་དང་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་སྟེ་གངས་ལྗོངས་ས་མཐོར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
(པད་ཆོས་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)