ཉེ་ཆར“རི་མཚོ་བརྒལ་ནས་ཕུགས་འདུན་གཏོད། ལག་གདང་སྦྲེལ་ནས་ཚན་རིག་སློབ་གསོ་སྤེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་ཚན་བརྒལ་བའི་རྣམ་གྲངས་ཅན་གྱི་སློབ་སྦྱོང(STEM)གྲུབ་འབྲས་འགྲེམས་སྟོན་ཞིག་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཆིང་ཏའོ་སློབ་ཆུང་དུ་གཉེར་བ་རེད།
གྲུབ་འབྲས་འགྲེམས་སྟོན་བྱ་ཡུལ་དུ། ཆིང་ཏའོ་སློབ་ཆེན་སྐད་གཉིས་ཚོད་ལྟའི་སློབ་གྲྭ་དང་ཆིང་ཏའོ་མོང་ནུའོ་སློབ་གྲྭའི་སློབ་མ་44ཡིས་གཞིས་རྩེའི་སློབ་མ་དང་མཉམ་དུ་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་དང་ཇུས་གཞིར་དཔྱད་བསྡུར་བྱས་ཏེ། ཚན་རྩལ་གསར་གཏོད་འབྲེལ་ཐག་ཏུ་བྱས་ནས་གངས་ལྗོངས་ས་མཐོར་སློབ་མ་མང་པོ་སློབ་གསོ་སྤེལ་རེས་ཀྱི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་པ་རེད།
རིག་ཚན་བརྒལ་བའི་རྣམ་གྲངས་ཅན་གྱི་STEMསློབ་ཚན་འགྲེམས་སྟོན་བྱེད་སྒོ་ནི་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ཚོགས་ཆུང་གིས་རྒྱབ་སྐྱོར་བྱས་ནས་གཉེར་བ་ཞིག་རེད། སློབ་ཚན་ནང“ཁོར་ཡུག་སྲུང་སྐྱོང་གིས་འབྱུང་འགྱུར་ཁྱིམ་གཞིས་སྐྲུན་པ”སྐུལ་འདེད་དུ་བྱས་ཤིང་། ནང་དོན་ལ་གྲོང་ཁྱེར་གནས་འདེམས་དང་། ལྗང་མདོག་ནུས་རྒྱུ། རིག་ལྡན་ཇུས་འགོད་སོགས་ཀྱི་བརྗོད་དོན་ཆེན་པོ་དྲུག་ཚུད་ཡོད་པ་རེད།
དེ་ནི་ཚན་རིག་STEMསློབ་ཚན་ཞིག་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་ལག་ལེན་སློབ་ཚན་ཞིག་དེ་བས་ཀྱང་རེད། བྱེད་སྒོ་སྤེལ་རིང་། STEMསློབ་ཚན་བརྒྱུད་དེང་རབས་ཚན་རྩལ་དང་ས་མཐོའི་ཁྱད་ཆོས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་སློབ་མའི་གསར་གཏོད་བྱེད་ནུས་འཕེལ་བར་བྱས་པ་མ་ཟད། གཞོན་ནུ་ལོ་ཆུང་གི་སེམས་སུ་མཐའ་མཚམས་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་གི་རེ་བའི་ས་བོན་ཡང་བཏབ་ཡོད་པ་རེད། (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)
འདི་ནི་གཞིས་རྩེ་དང་ཆིང་ཏའོ་ཡི་སློབ་མས་རིག་ཚན་བརྒལ་བའི་རྣམ་གྲངས་ཅན་གྱི་སློབ་སྦྱོང(STEM)གྲུབ་འབྲས་འགྲེམས་སྟོན་ལ་ཞུགས་བཞིན་པ།
འདི་ནི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོའི་རིང་སློབ་མ་ཚོས་སློབ་ཚན་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་བཞིན་པ།