(པར་ངོས་དྲུག་པར་མཐུད) རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་དང་འགལ་བ་མེད་ཚེ། ངེས་པར་དུ་ཟླ་བཞིའི་ནང་ཚུན་དུ་ཆོག་མཆན་སྤྲོད་དགོས། རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་དང་འགལ་བ་ཡོད་ཚེ། ཆོག་མཆན་མ་སྤྲད་ན་འགྲིག་ལ། བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་ཟུར་བཀོད་ཀྱིས་ཆོག་མཆན་ཞུ་བའམ་ཕྱིར་བསློགས་ནས་བཟོ་བཅོས་བརྒྱབ་རྗེས་ཆོག་མཆན་གནང་རོགས་ཞུས་ནའང་འགྲིག
དོན་ཚན་ང་བདུན་པ། ཆོག་མཆན་འགོད་རོགས་ཞུ་རྒྱུའི་ཆུད་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱེད་སྐབས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྒྲིག་སྲོལ་དང་འགལ་བ་ཡོད་པ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་ཐག་གཅོད་ཆོད་དོན་འཇོག་དགོས།
དོན་ཚན་ང་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཆོག་མཆན་སྤྲད་པའི་ཆུད་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཡིན་ཕྱིན། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཁྱབ་བསྒྲགས་བྱེད་དགོས།
བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་ཟུར་བཀོད་ཀྱིས་ཆོག་མཆན་སྤྲད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཡིན་ཕྱིན། ཆོག་མཆན་འགོད་རོགས་ཞུ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་ལྟར་བཟོ་བཅོས་བརྒྱབ་རྗེས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱེད་དགོས།
ལེའུ་བདུན་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་འགྲེལ་བཤད།
དོན་ཚན་ང་དགུ་པ། རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་འགྲེལ་བཤད་རྒྱག་དབང་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡོད།
རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་ཞིབ་ཕྲའི་གོ་དོན་གསལ་པོ་བཟོ་དགོས་པའམ་ཡང་ན་བཟོ་འབེབས་བྱས་རྗེས་གནས་ཚུལ་གསར་པ་ཐོན་པར་གོ་ཆོད་ཁྲིམས་སྲོལ་དང་སྲོལ་ཡིག་གི་གཞི་འཛིན་ས་གསལ་པོ་བཟོ་དགོས་རིགས་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་འགྲེལ་བཤད་རྒྱག་དགོས།
དོན་ཚན་དྲུག་ཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་། ཆུད་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ལ་འགྲེལ་བཤད་རྒྱག་རོགས་ཞུ་རྒྱུའི་རེ་བ་བཏོན་ཆོག
སྤྱི་ཚོགས་ཚོགས་པ་དང་། ཁེ་ལས་དང་བྱ་གཞག་རྩ་འཛུགས། རྩ་འཛུགས་གཞན་དག དེ་བཞིན་སྤྱི་དམངས་བཅས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ལ་འགྲེལ་བཤད་རྒྱག་རོགས་ཞུ་རྒྱུའི་གྲོས་འཆར་བཏོན་ཆོག
དོན་ཚན་རེ་གཅིག་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་འགྲེལ་བཤད་འཆར་ཟིན་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་ནས་བཟོ་འབེབས་བྱས་རྗེས། ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་འཇུག་དགོས་མིན་གཏན་འཁེལ་བྱེད་དགོས།
དོན་ཚན་རེ་གཉིས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་འགྲེལ་བཤད་འཆར་ཟིན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་གྲོས་ཞིབ་དང་བཟོ་བཅོས་རྒྱག་དགོས་པ་དང་། འགྲེལ་བཤད་འཆར་ཟིན་གྱི་བརྡས་ཐག་གཅོད་ཡིག་བཟོ་འདོན་བྱས་པར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཕྱེད་ཀ་ཡན་གྱི་མོས་མཐུན་བྱུང་འཕྲལ་གྲོས་འཆམ་བྱུང་བ་ཡིན།
དོན་ཚན་རེ་གསུམ་པ། རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་གི་འགྲེལ་བཤད་དེར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་རྗེས་གཞི་ནས་རྩིས་འགྲོ་ཡོད།
དོན་ཚན་རེ་བཞི་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་འགྲེལ་བཤད་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཁྱབ་བསྒྲགས་བྱེད་དགོས།
ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་འགྲེལ་བཤད་དེར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་དང་ནུས་པ་གཅིག་མཚུངས་ཡོད།
དོན་ཚན་རེ་ལྔ་པ། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་འབེབས་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་རྒྱག་དགོས།
ཆུད་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་འགྲེལ་བཤད་དེ་ངེས་པར་དུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་ནས་ཆོག་མཆན་ཐོབ་རྗེས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་རེ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་ཞིབ་ཕྲའི་ལས་ཀའི་གནད་དོན་འདྲི་རྩད་བྱས་ཚེ། དེར་ཞིབ་འཇུག་དང་ལན་འདེབས་བྱས་ཆོག་པ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཐོ་དཔོ་དགོས།
ལེའུ་བརྒྱད་པ། དེ་མིན་གྱི་གཏན་འབེབས།
དོན་ཚན་རེ་བདུན་པ། ཁྲིམས་སྲོལ་གྲོས་གཞི་འདོན་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས་ཁྲིམས་སྲོལ་འཆར་ཟིན་གྱི་མ་ཡིག་དང་གསལ་བཤད་མཉམ་དུ་འདོན་དགོས་པ་མ་ཟད། དགོས་ངེས་ཀྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས།
ཁྲིམས་སྲོལ་འཆར་ཟིན་གྱི་གསལ་བཤད་ནང་ངེས་པར་དུ་ཁྲིམས་སྲོལ་བཟོ་རྒྱུའམ་ཡང་ན་བཟོ་བཅོས་རྒྱག་རྒྱུའི་དགོས་ངེས་རང་བཞིན་དང་། ལག་ལེན་བསྟར་འཐུས་རང་བཞིན། ནང་དོན་གཙོ་བོ། དེ་བཞིན་འཆར་ཟིན་བཟོ་བའི་བརྒྱུད་རིམ་ཁྲོད་བསམ་འཆར་ཤུགས་ཆེན་མ་མཐུན་པའི་རིགས་མཐུན་སྦྱོར་ཐག་གཅོད་བྱས་ཚུལ་བཅས་ཚུད་དགོས།
དོན་ཚན་རེ་བརྒྱད་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ནང་ཆེད་དམིགས་དོན་གནད་ཐད་ལེ་ལག་ཚང་བའི་གཏན་འབེབས་བཟོ་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད་ཚེ། འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ནང་ལེ་ལག་ཚང་བའི་གཏན་འབེབས་ཀྱི་དུས་བཀག་ལོགས་སུ་བཟོས་ཡོད་པ་ཕུད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ལག་ལེན་བསྟར་ཉིན་ནས་ལོ་གཅིག་གི་ནང་ཚུན་དུ་གཏན་འབེབས་བཟོ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་དུས་བཀག་ནང་ཚུན་དུ་ལེ་ལག་ཚང་བའི་གཏན་འབེབས་བཟོ་མ་ཐུབ་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གནས་ཚུལ་གསལ་བཤད་རྒྱག་དགོས།
དོན་ཚན་རེ་དགུ་པ། ཁྲིམས་སྲོལ་བཟོ་འབེབས་དང་བཟོ་བཅོས་བྱས་རྗེས་ལག་ལེན་བསྟར་ནས་ལོ་གཉིས་སོང་ཚེ། ཁྲིམས་སྲོལ་ལག་བསྟར་བྱེད་མཁན་ལས་ཁུངས་ཀྱིས་ངེས་པར་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་པས་ཁྲིམས་སྲོལ་ལག་བསྟར་གྱི་སྙན་ཞུའི་གནས་ཚུལ་ལ་གཞིགས་ཏེ། ཁྲིམས་སྲོལ་ལམ་ཡང་ན་ཁྲིམས་སྲོལ་ནང་གི་འབྲེལ་ཡོད་གཏན་འབེབས་ལ་ཁྲིམས་བཟོས་རྗེས་ཀྱི་ཚོད་སྐོར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། ཚོད་སྐོར་བྱས་ཚུལ་ངེས་པར་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།
དོན་ཚན་བདུན་ཅུ་པ། ཁྲིམས་བཟོའི་འཆར་འགོད་ཀྱི་འཆར་ཟིན་དང་། ཁེ་ཕན་དང་འབྲེལ་བ་ཡོད་པར་ལེགས་སྒྲིག་ཆེན་པོ་བྱེད་པའམ་ཡང་ན་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གལ་ཆེའི་ཁྲིམས་སྲོལ་གྱི་འཆར་ཟིན་བཟོ་སྐབས། ངེས་པར་དུ་ཁྲིམས་བཟོའི་གྲོས་མོལ་བྱས་ནས་སྲིད་གྲོས་ཨུ་ཡོན་དང་། དམངས་གཙོའི་ཏང་ཤོག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་དགོས།
དོན་ཚན་དོན་གཅིག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་འབེབས་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་ནང་ངེས་པར་དུ་ལག་བསྟར་བྱ་རྒྱུའི་དུས་ཚོད་གཏན་འཁེལ་གསལ་པོ་བཟོ་དགོས་པ་དང་། ཁྱབ་བསྒྲགས་སམ་ཡང་ན་དུས་དེབ་སོགས་ལ་འགོད་སྐབས་ངེས་པར་དུ་བཟོ་འབེབས་བྱེད་མཁན་ལས་ཁུངས་དང་། གྲོས་འཆམ་བྱུང་དུས་སམ་ཡང་ན་ཆོག་མཆན་འགོད་མཁན་ལས་ཁུངས། ཆོག་མཆན་བཀོད་དུས་བཅས་གསལ་པོ་འགོད་དགོས།
ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ལ་གྲོས་འཆམ་བྱུང་བའམ་ཡང་ན་ཆོག་མཆན་ཐོབ་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཚུན་ལ་ངེས་པར་དུ《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》དང་《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་འགོད་དགོས།
《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》ཐོག་བཀོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་མ་ཡིག་དེ་ཚད་ལྡན་མ་ཡིག་ཡིན།
དོན་ཚན་དོན་གཉིས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་འབེབས་དང་། བཟོ་བཅོས། མེད་པར་བཟོ་བ། འགྲེལ་བཤད་བཅས་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་སྤྲད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་དེའི་འགྲེལ་བཤད་ཡིན་ཕྱིན། ངེས་པར་དུ་ཁྱབ་བསྒྲགས་བྱས་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཚུན་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་དཔོ་དགོས།
རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་བཟོ་འབེབས་དང་། བཟོ་བཅོས། མེད་པར་བཟོ་བ། འགྲེལ་བཤད་བཅས་བྱེད་སྐབས། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱུང་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཚུན་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་དགོས།
དོན་ཚན་དོན་གསུམ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནང་རོགས་ཞུས་པའི་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་ནས་བསམ་འཆར་རམ་ཡང་ན་བཟོ་བཅོས་རྒྱག་རྒྱུའི་གྲོས་འཆར་བཏོན་ཚེ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་པས་གནས་ཚུལ་གསལ་བཤད་རྒྱག་དགོས་པ་དང་། བཟོ་བཅོས་རྒྱག་དགོས་ཚེ། ཁྲིམས་སྲོལ་བཟོ་བཅོས་ཀྱི་གོ་རིམ་ལྟར་བཟོ་བཅོས་བརྒྱབ་རྗེས། གཏན་འབེབས་ཀྱི་དུས་བཀག་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་ལན་སྤྲོད་བྱེད་དགོས།
དོན་ཚན་དོན་བཞི་པ། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་དགོས་མཁོར་གཞིགས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མཉམ་དུ་བཟོས་ཏེ་སྲིད་འཛིན་ས་ཁོངས་དེ་གའམ་འབྲེལ་ཡོད་ས་ཁོངས་སུ་ལག་བསྟར་བྱས་ཆོག རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་པ་བཅས་ཀྱིས་ངེས་པར་དུ་དེར་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་དོན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་མཁོ་དངོས་ལ་གཞིགས་ནས་གཞི་རིམ་དུ་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་བཙུགས་ཏེ་གཞི་རིམ་གྱི་མང་ཚོགས་དང་འབྲེལ་ཡོད་ཕྱོགས་ཁག་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་ཀྱི་འཆར་ཟིན་དང་དེ་བཞིན་ཁྲིམས་བཟོའི་ལས་དོན་ཐད་བཏོན་པའི་བསམ་འཆར་གང་ལེགས་ཉན་དགོས།
དོན་ཚན་དོན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་པས་ངེས་པར་དུ་ཁྲིམས་བཟོའི་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་ཁྲིམས་བཟོའི་ཆ་འཕྲིན་ཁྱབ་བསྒྲགས་དང་། གནས་ཚུལ་ངོ་སྤྲོད། དོ་ཁུར་ལན་སྤྲོད་པ་བཅས་བྱེད་དགོས།
དོན་ཚན་དོན་བདུན་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག སྒྲིག་སྲོལ། དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་བཅས་ལ། བཟོ་འབེབས་བྱེད་མཁན་ལས་ཁུངས་ཀྱིས་ཁྲིམས་ལུགས་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་དང་བསྒྱུར་བཅོས་གོང་འཕེལ་གཏོང་བའི་དགོས་མཁོར་གཞིགས་ནས་གཙང་བཤེར་བྱེད་དགོས།
ལེའུ་དགུ་པ། ཞར་བྱུང་།
དོན་ཚན་དོན་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྒྲིག་སྲོལ་བཟོ་འབེབས་དང་། བཟོ་བཅོས། མེད་པར་བཟོ་བ་བཅས་བྱེད་སྐབས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་བཅའ་ཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།
དོན་ཚན་དོན་དགུ་པ། སྲོལ་ཡིག་འདི་སྤྱི་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱེད་དགོས། 2001ལོའི་ཟླ་5ཚེས་21ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་བཟོའི་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་ནས་མཁོ་འདོན་བྱས)