《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年03月31日

རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བ་དང“3·28”དྲན་གསོའི་ཉིན་མོའི་གླུ་གཞས་འགྲན་བསྡུར་ཏེ“ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད”ཅེས་པ་ཇོ་མོ་གླང་མའི་ཟློས་གར་ཁང་ཆེན་དུ་གཉེར་བ་རེད། གཞིས་རྩེའི་རྫོང་དང་ཆུས་ཁག་དང་དེ་བཞིན་ལས་རིགས་སྡེ་ཚན་གྱི་རུ་ཁག་15མཉམ་དུ་འཛོམས་ཏེ་སྐད་གསང་མཐོན་པོའི་གླུ་གཞས་ཀྱི་དབྱངས་རྟར་བརྟེན་ནས། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བའི་གདེང་ཚོད་དང་ཆོད་སེམས། མཐུན་སྒྲིལ་འབད་འབུངས་བྱེད་པའི་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཅས་མཚོན་པར་བྱས་པ་རེད།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བར་དྲན་གསོ་ཞུ་ཆེད། ཉེ་ཆར། ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་གིས་དཔལ་མགོན་རྫོང་རྡོལ་རྒས་གྲོང་ཚོ་དང་མཉམ་དུ“ལོ་རྒྱུས་བློ་ལ་ངེས། བཀའ་དྲིན་དྲན་བཞིན་འབད་འབུངས་མདུན་སྐྱོད་བྱེད། མཐུན་སྒྲིལ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ཚོཌ་པས་གཙོ་གཉེར་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གྲོང་ལྷོ་ཡན་ལག་བུ་བཅོལ་ཁང་གིས་གཉེར་འགན་ཁུར་བའི“ཞིང་བྲན་ལ་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་ཕྱིར་དྲན་བྱེད། བུ་བཅོལ་དགེ་རྒན་གྱི་མཐུན་སྒྲིལ་ཕུགས་འདུན་གཅིག་ཏུ་སྒྲིལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། དགེ་རྒན་ཚོས་གཞས་དང་། ཞབས་བྲོ། གྱེར་འདོན་སོགས་ཀྱི་ལམ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གང་ལེགས་མངོན་པར་བྱས་ཡོད།

ཉེ་ཆར། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་གཉེར་བ་རེད།

ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དང་། འཇོ་མདའ་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། ཆབ་མདོ་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས(ཀུང་སི)བཅས་ཀྱིས“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཅེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།

ཉིན་ཤས་གོང་། སྨར་ཁམས་རྫོང་གྲུ་པ་རོང་ཤང་འབྲི་ཆུའི་ཟམ་ཆེན་གཤམ་གྱི་ཆུ་ཐོག་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། གྲུ་པ་རོང་ཤང་དང་། ཟུར་སྡེ་ཤོད་ཤང་། གཙང་ཤོད་ཤང་བཅས་ཀྱི་གྲོང་ཚོ་13གྱི་ཞིང་འབྲོག་པའི་འཁྲབ་སྟོན་པ་280ལྷག་ཙམ་གྱིས་མང་ཚོགས་དང་ཡུལ་སྐོར་བ་2100ལྷག་ཙམ་དང་མཉམ་དུ་འབྲི་ཆུའི་ངོགས་སུ་འཛོམས་ཏེ། གླུ་དབྱངས་ལ་བརྟེན་ནས་ཏང་གི་བཀའ་དྲིན་བརྒྱུད་སྤྲོད་དང་ཞབས་བྲོ་འཁྲབ་ནས་སྨོན་འདུན་བཟང་པོ་མཚོན་པར་བྱས་པ་རེད།