《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年03月31日

བདེ་སྐྱིད་འཚོ་བའི་གཏམ་རྒྱུད་ཧ་ཅང་མང་།

ཟླ་3ཚེས་28ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་ས་དམར་སྡེ་ཁུལ་གྱིས་སྤེལ་བའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བར་དྲན་གསོ་ཞུ་བ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན“བདག་ཕ་ཡུལ་ལ་དགའ་ཞེན་ཆེ། བདེ་སྐྱིད་ལྡན་པའི་གཞིས་ཀ་རྩེ”ཞེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་ཡུལ་དུ་ལོ་80ལ་སླེབས་པའི་རྒན་མོ་ལྷག་པ་སྒྲོལ་མས་སེམས་འགུལ་ཐེབས་བཞིན“ཏང་གི་བཀའ་དྲིན་ལྷག་པར་ཆེ་བ་དང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་གཏམ་རྒྱུད་ཧ་ཅང་མང་པོ་ཡོད”ཅེས་བཤད།

“དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་ཞིང་བྲན་དང་བྲན་གཡོག་ལ་བཅིངས་འགྲོལ་ཐོབ་ནས་བོད་ལྗོངས་གསར་པའི་བདག་པོར་གྱུར་ཡོད”བྱེད་སྒོའི་ནང་ས་དམར་སྡེ་ཁུལ་གྱི་གཞི་རིམ་སྒྲོག་འགྲེལ་པ་ཟླ་བ་ཚེ་རིང་སྒྲོག་འགྲེལ་ལ་གདན་དྲངས་ཤིང་། ཁོང་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ཚོར་བོད་རྙིང་པའི་མུན་ནག་རྗེས་ལུས་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བོད་ལྗོངས་གསར་པའི་འགྱུར་ལྡོག་ཧ་ཅང་ཆེན་པོའི་སྐོར་བརྗོད་པ་མ་ཟད། མང་ཚོགས་ཚོའི་སྣེ་ཁྲིད་དེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ལུགས་བརྗོད་པར་མང་ཚོགས་ཚོའི་དགའ་བསུ་ཡང་ཡང་ཐོབ་ཡོད་པ་རེད།

དགུན་གྱི་གྲང་ངར་མ་བརྒྱུད་ན། དཔྱིད་ཀྱི་དྲོ་སྐྱིད་ག་ལ་ཚོར། ལྷག་པ་སྒྲོལ་མས“བོད་རྙིང་པར་ངས་སྡུག་བསྔལ་སྣ་ཚོགས་མྱངས་མྱོང་ཡོད། དེར་བརྟེན་ད་ཆའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྷག་པར་བྱེད་ཀྱི་ཡོད”ཅེས་བཤད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁོང་གིས་ང་1945ལོར་སྐྱེས་པ་དང་ཨ་མ་ལགས་ལ་ང་རང་འཁོར་སྐབས་ས་ཆ་གཞན་ནས་གཞིས་རྩེར་བྲོས་ཏེ་མི་གཞན་ལ་གོས་འཁྲུད་རོགས་དང་ཕྱུགས་འཚོ་རོགས་སོགས་བྱས་ནས་ང་དང་གཅུང་པོ་གསོ་ཐབས་བྱས། རང་ཉིད་ལོ་བདུན་ལ་སླེབས་སྐབས་ཨ་མ་ལགས་ཀྱིས་གསོ་ཐབས་བྲལ་བར་བརྟེན་ཐོབ་རྒྱལ་དུ་བསྐྱལ་ནས་ཞིང་བྲན་བདག་པོའི་ནང་བཟན་དུ་གྱུར་པ་དང་། ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས། དབྱར་དགུན་གྱི་ཁྱད་པར་མེད་པར་ལྷམ་རྙིང་པ་ཆ་གཅིག་དང་སྣམ་བུ་རྙིང་པ་གཅིག་ལས་མེད། ཡ་ང་བའི་གནས་ཚུལ་དག་དྲན་སྐབས་ད་ཆའང་མིག་ཆུ་རང་དབང་མེད་པར་ཤོར་གྱི་འདུག་ཅེས་བཤད།

“1959ལོར་ང་ལོ་14ལ་སླེབས་ཤིང་། སྐབས་དེ་དུས་རྫོང་རིའི་རྩེ་ནས་དར་དམར་སྒྲེང་བ་མཐོང་སྐབས་མིག་ཆུ་དབང་མེད་དུ་ཤོར་བྱུང”ཞེས་ཤོད་ཀྱིན་ལྷག་པ་སྒྲོལ་མའི་མིག་ལ་མཆི་ཞག་འཁོར། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་སློབ་གྲྭར་བསྐྱོད་པ་དང་རྗེས་སུ་ལས་ཀར་ཞུགས་ཏེ་1996ལོར་རྒན་ཡོལ་ཞུས།

ལྷག་པ་སྒྲོལ་མའི་སྐད་ཆ་ཉན་གྱིན་གར་སྟེགས་ཐོག་གི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་བལྟས། གཞོགས་སུ་ད་དུང་གྲོང་ལྷོ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་དོན་པས་གྲོང་མིར་འོས་འགན་སྨན་བཅོས་དང་བདེ་ཐང་བློ་འདྲི་བྱེད་བཞིན་པ་སོགས། ས་དམར་བའི་འཚོ་བར་བདེ་སྐྱིད་ཀྱིས་ཁེངས།