《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年03月31日

གངས་ལྗོངས་ས་མཐོར་དཔྱིད་དཔལ་རབ་ཏུ་བཞད།

—— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བའི་སྐོར་གྱི་སྒྲིལ་གླེང་།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲུའུ་གོ་ཆང་། ཁྲེན་ཧྲང་ཚའེ། ལི་ཅན།

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་དང་བསྟུན་ནས་ས་གཞི་ཆེན་པོ་སྔོ་ཐིང་ངེར་གནས་ཤིང་། གངས་ལྗོངས་ས་མཐོའི་གང་སར་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད།

1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་རུལ་སུངས་དང་རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། དུས་དེ་ནས་བཟུང་། བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་ལེའུ་གསར་པ་ཕྱེ་ཡོད། དེ་ནས་བཟུང་ལོ་རེའི་ཟླ་3ཚེས་28ཉིན་བོད་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་གི་ཡོད།

ལོ་66གི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཡར་ཐོན། སྐྱེ་ཁམས་བཟང་བ། མི་དམངས་བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པར་འཛུགས་སྐྲུན་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་སུ་སླེབས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད།

གནམ་སྒྱུར་ས་བརྗེས་ཀྱི་འཇིག་རྟེན་གསར་པ།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་ཆ་ཤས་གཉིས་པར་ལྟ་སྐོར་བྱེད་སྐབས། ལོ་རྒྱུས་ཀྱི་པར་རིས་དང་དངོས་པོ་རེ་རེ་ལས་འཛམ་གླིང་སྐྱེ་བོ་ཀུན་ལ་ལྟ་བས་མི་བཟོད་པའི་ལོ་ཟླ་དེ་ངོ་སྤྲོད་བྱེད་བཞིན་ཡོད་དེ། ཚོ་པའི་འགོ་གཙོས་འབྲོག་པ་མཐུ་སྟོབས་ཀྱི་རྐང་པ་ཡ་གཅིག་བཅད་པ་དང་། མངའ་བདག་གི་སྲས་སྐུ་ཞབས་ཀྱིས་མེ་མདར་ལག་རྩེད་རྩེས་ནས་ཞིང་བྲན་རྡོ་གྲགས་ཀྱི་ལག་པ་གཡོན་པ་བཅད་པས་རྡོ་གྲགས་ལག་པ་ཡ་གཅིག་མེད་པར་ཁྲོམ་གཞུང་དུ་སློང་མོ་བྱེད་རྒྱུ་ལས་མ་འདས།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཞིང་བྲན་བདག་པོས་ཉེས་རྡུང་བཏང་བས་ཞིང་བྲན་ཆུང་སྐྱིད་ཀྱི་མིག་གཉིས་ལོང་བར་གྱུར་པ་སོགས་ནི་ལོ་བཅུ་ཕྲག་ཁ་ཤས་གོང་གི་བོད་རྙིང་པ་ཡིན་ཞིང་། དེ་ནི་མིག་རིལ་འདོན་པ་དང་། རྣ་ཅོག་འབྲེག་པ། ལག་པ་གཅོག་པ། རྐང་པ་གཏུབ་པ། རྩ་གཅོད་པ། པགས་པ་བཤུ་བ་སོགས་གདུག་རྩུབ་ཆེ་བའི་ཉེས་ཁྲིམས་ཀྱིས་ཁེངས་པ་དང་འཛེམ་བག་མེད་པར་མི་རྣམས་ལ་གཉའ་གནོན་གཏོང་བའི་མི་ཡུལ་གྱི་དམྱལ་ཁམས་ཤིག་རེད།

མི་ཡུལ་གྱི་སྐྱོ་གར་དེ་དག་ནི་སྡེ་པ་གཞུང་དང་། སྐུ་དྲག དགོན་པའི་མཐོ་རིམ་སེར་མོ་བ་བཅས་མངའ་བདག་ཆེན་པོ་གསུམ་གྱིས་བཙུགས་པའི“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་བྱུང་བ་རེད། བོད་ཀྱི་མི་འབོར་གྱི་5%ཡང་མ་བཟུང་བའི་མངའ་བདག་ཆེན་པོ་གསུམ་གྱིས་ཧ་ལམ་ས་ཞིང་ཡོངས་རྫོགས་དང་ཕྱུགས་རིགས་དང་ཐོན་སྐྱེད་ཡོ་བྱད་མང་ཆེ་བ་བདག་གིར་བཟུང་བ་དང་། མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་རྣམས་ཀྱིས་ཧ་ཅང་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་གྱི་ཡོད།

1959ལོའི་ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཏང་ནས་བོད་ས་གནས་སྲིད་གཞུང་མེད་པར་བཟོས་པ་དང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་སྟེ། བོད་དུ་དམངས་གཙོའི་བཅོས་སྒྱུར་བཏང་ཡོད།

དུས་དེ་ནས་བཟུང་། བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཕྱེ་ཡོད།

དེ་སྔའི་ཞིང་བྲན་དང་ཁོང་ཚོའི་རྗེས་རབས་པར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བདག་པོར་གྱུར། ལོ་66གི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག་གངས་ལྗོངས་ས་མཐོར་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་བྱ་གཞག་ཁག་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་ཡོད།

—— 2024ལོར། བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2764.94ཟིན་པ་དེ་དུས་མཚུངས་ལས་6.3%འཕར་ཡོད། 1959ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ལས་མེད།

—— 2024ལོར། བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31358ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ཡོད། དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་རྒྱ་ཆེའི་ཞིང་བྲན་ལ་ཐོན་སྐྱེད་རྒྱུ་ཆ་ཧ་ཅང་ཉུང་བས་བུ་ལོན་གཡར་ནས་འཚོ་བ་མི་སྐྱེལ་ཀ་མེད་ཡིན་པ་དང་། བུ་ལོན་ཆད་པའི་ཞིང་བྲན་གྱིས་ཞིང་བྲན་བསྡོམས་འབོར་གྱི་90%ཡན་བཟུང་ཡོད།

—— མིག་སྔར་བོད་དུ་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན་བསྡོམས་42153ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་89.2%བཟུང་ཡོད། བོད་རྙིང་པར་རྒྱ་ཆེའི་ཞིང་བྲན་རྣམས་སྤྱི་ཚོགས་ཀྱི་རིམ་པ་དམའ་ཤོས་སུ་གནས་པས་མི་ལུས་ཀྱི་དབང་ཆ་གང་ཡང་མེད་ལ། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་དེ་བས་ཀྱང་མེད། མངའ་བདག་གྲལ་རིམ་གྱིས་ཁོང་ཚོ་སྒེར་གྱི་རྒྱུ་ནོར་དུ་བརྩིས་ནས་རྒྱན་འཛུགས་དང་། ཉོ་ཚོང་། ནང་བཤུག བུན་ཚབ་འཇལ་བ། བརྗེ་རེས་བཅས་གང་བྱུང་དུ་བྱེད་ཀྱི་ཡོད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ལི་ཅན་གྱིས། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་ཡིན་ཞིང་། ཡར་ལངས་ཞིང་བྲན་ལ་སྤྱི་དམངས་ཀུན་གྱིས་ལོངས་སུ་སྤྱོད་ཆོག་པའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ཐོབ་སྟེ། དུས་དེ་ནས་བཟུང་གངས་ལྗོངས་ས་མཐོ་འདི་ཉིད་སྤྱི་ཚོགས་ཡར་ཐོན་དང་། དཔལ་འབྱོར་དར་རྒྱས། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད་ཅེས་བཤད།

བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་པ།

ལོ་72ལ་སླེབས་པའི་ཆོས་ལྡན་དུས་ཡུན་རིང་པོར་སྙིང་ནད་ཀྱིས་མནར་བ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གཤགས་བཅོས་དེ་རིགས་བྱེད་ཀྱི་ཡོད་པ་ཤེས་འཕྲལ་ལམ་སང་སྨན་བཅོས་བྱེད་པར་བསྐྱོད།

“ད་ཆ་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ནས་གཤགས་བཅོས་འགྲོ་གྲོན་90%ལྷག་ཙམ་རྩིས་ཞུ་ཐུབ་བྱུང་། སྤྱི་ཚོགས་རྙིང་པར་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་ཆོས་ལྡན་གྱིས་བཤད།

མང་ཚོགས་ཀྱིས་སྨན་པ་བསྟེན་ཐུབ་པ་ནི་བོད་ཀྱི་ལོ་ངོ་60ལྷག་ཙམ་གྱི་འཕོ་འགྱུར་ཆེན་པོའི་བསྡུས་རིས་ཤིག་རེད། 2015ལོའི་ཟླ་8པར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དངོས་སུ་ལག་བསྟར་བྱས་པ་དང་། ལམ་སྲོལ་དེས“སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པ”དང“ཚོགས་སྒྲིག་རྣམ་པའི”ཤེས་ལྡན་པ་འདེམས་གཏོང་བྱེད་སྟངས་ལ་བརྟེན་ནས་ཚོགས་པའི་ལེགས་ཆ་ཆགས་པ་དང་སྤྱི་ཡོངས་ཀྱི་ཕན་འབྲས་བཏོན་ཏེ་ས་མཐོར་ཆུ་ཚད་མཐོ་བའི་སྨན་བཅོས་དཔུང་ཁག་ཅིག་བཏོད་ནས། མི་རིགས་ཁག་གི་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་པ་རེད།

གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དེ་སློབ་གསོའི་ཁྱབ་ཁོངས་སུའང་མངོན་གསལ་དོད་པོ་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་ལ། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཀྱང་ཟིན་གྱི་མེད་པ་དང་ཡིག་རྨོངས་95%ཡན་ཟིན་ནས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་གི་སློབ་གསོ་ཐོབ་པའི་དབང་ཆ་འཕྲོག་ཡོད།

དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་རྣམས་ལས་རིགས་ཁག་དང་བྱ་གཞག་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་འཚར་ལོངས་བྱུང་ཡོད། 2012ལོ་ནས་བཟུང་བོད་ཀྱིས་སློབ་གསོར་མ་དངུལ་གཏོང་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་3000ལྷག་ཙམ་ཟིན་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་གསལ། 2020ལོར་བོད་ཀྱི་མི་ཁྲི་10རེའི་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་11019ཟིན་པ་དང་གསར་དུ་འཕར་བའི་ངལ་རྩོལ་ནུས་ཤུགས་མི་རེར་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་13.1བར་མཐོ་རུ་ཕྱིན་ཡོད།

2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་དོན་དངོས་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།

—— ད་ཆའི་བོད་དུ་ངལ་རྩོལ་ལ་ཐོབ་ཆ་ཡོད་ཅིང་། 2024ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444ཟིན་ནས་6.8%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.2ཀྱིས་མཐོ་བ་ཡོད་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་ནས་8.3%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད།

—— ད་ཆའི་བོད་དུ་སྡོད་སའི་ཁང་པ་ཡོད་ཅིང་། སྡོད་ཁང་འགན་སྲུང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ནས། སྡོད་ཁང་འགན་སྲུང་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་ཕྱིན་ཡོད། 2024ལོར་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཆ་ཚང་ཁྲི་3.95གསར་སྐྲུན་དང་མཐུད་སྐྲུན་བྱས་པ་དང་ཁུལ་ཆུང་རྙིང་པ་118ལ་སྒྱུར་བཀོད་བྱེད་འགོ་ཚུགས་ཡོད། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་37.75བཏང་ནས་ཁྱོན་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་622.41གསར་སྐྲུན་དང་སྒྱུར་བཀོད་བྱེད་རྩིས་ཡོད་པ་དང་། ཚང་མ་བསྐྲུན་རྗེས་མང་ཚོགས་ཁྲི་20ཙམ་ལ་ཕན་པ་ཐོབ་རྒྱུ་རེད།

—— ད་ཆའི་བོད་དུ་རྒས་དུས་འཚོ་རྟེན་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་དང་། གཞི་རྩའི་སྨན་བཅོས་ལམ་ལུགས། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་སོགས་མཚོན་རྟགས་སུ་བྱས་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཆགས་ཏེ། གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་གྱི་ཞབས་འདེགས་ཞུ་གི་ཡོད། 2025ལོར་སྒོར་ཁྲི་7000བཏང་ནས་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་སྟེ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་ལ་ངལ་ནུས་མེད་པ་སོགས་ཀྱི་རྒན་རྒོན་ཁྲི་1ལྷག་ཙམ་དང་། དེ་བཞིན་ལོ་80ཡན་གྱི་ལོ་ན་མཐོ་བའི་རྒན་རྒོན་ཁྲི་3.5ལྷག་ཙམ་ལ་ཕན་པ་འདོགས་རྒྱུ་རེད།

—— ད་ཆའི་བོད་དུ་སྦྱོང་དུས་སློབ་མཁན་ཡོད་ཅིང་། འོས་འགན་སློབ་གསོའི་སློབ་གྲྭ་ཁྱོན་931ཡོད་པ་དང་། ལྗོངས་ནང་ཁུལ་གྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་54.11དང་དགེ་རྒན་ལས་བཟོ་ཁྲི་5.3ཡོད་ལ། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་97.86%ཟིན་ཡོད།

2025ལོའི་བོད་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་ཡོངས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། མ་དངུལ་སྒོར་དུང་ཕྱུར་148བཏང་སྟེ་ལས་ཞུགས་དང་། གཞི་རིམ་གྱི་དྲོད་རླངས་མཁོ་འདོན། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་དོན་དངོས་ཁག་28ལག་ལེན་བསྟར་རྒྱུ་རེད།

འཛམ་གླིང་གི་རྣམ་པ་གསར་པ་བསུ་བ།

2024ལོའི་ཟླ་11པར། བོད་ཀྱི་རྒྱལ་མཚམས་སྒྲོལ་བའི་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཐོག་མ་དངོས་སུ་ལྷ་སར་ཚོང་གཉེར་བྱེད་འགོ་ཚུགས་ཤིང་། དེའི་ནང་ཡོ་རོབ་དང་མེ་གླིང་དང་། རི་པིན་དང་ཧན་གོ ཨེ་ཤེ་ཡ་ཤར་ལྷོ་སོགས་ཀྱི་ཚོང་ཟོག་རིགས་ཆིག་སྟོང་ཙམ་བཏོན་ཡོད། མིག་སྔའི་ལྗོངས་ཡོངས་ཀྱི་ནང་འདྲེན་ཚོང་ཟོག་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་འདིས་སླད་ཕྱིན་བོད་ཀྱི་འགག་སྒོ་ཁག་བརྒྱུད་ནེ་པ་ལ་དང་། རྒྱ་གར། དབྱི་རན་སོགས་རྒྱལ་ཁབ་ཀྱི་ཚོང་ཟོག་ནང་འདྲེན་བྱེད་ཚད་རིམ་བཞིན་མང་དུ་གཏོང་རྒྱུ་དང་འབྲེལ། མངའ་རིས་སོགས་ས་ཁུལ(གྲོང་ཁྱེར)དུ་རྒྱལ་སྒྲོལ་ཚོང་ཟོག་ཉོ་ཚོང་ཡན་ལག་ལྟེ་གནས་བཙུགས་ཏེ་མང་ཚོགས་ཀྱི་དགོས་མཁོ་བསྐང་རྒྱུ་རེད།

ནང་འདྲེན་ཚོང་ཟོག་རིགས་ཁག་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་སླེབས་པ་ནི་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་བསྡུས་རིས་ཤིག་རེད། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་རྒྱལ་ཁབ་ཀྱི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་ཀྱི་དབྱར་རྩྭ་དགུན་འབུ་དང་། ཀུ་ཤུ། གཏེར་ཆུ། ཁ་བཏགས། ནས་ཆང་སོགས་བོད་ཀྱི་སྤུས་རྟགས་ཚོང་ཟོག་དག་རྒྱལ་སྤྱིའི་ཁྲོམ་རར་སྟོན་པ་དང་། ན་ནིང་ཚོང་དོན་རོགས་ཟླ་རྒྱལ་ཁབ་བམ་ཡང་ན་ས་ཁུལ་140བར་རྒྱ་སྐྱེད་བཏང་སྟེ་ཚོང་དོན་ཁྱབ་ཁོངས་ཨ་མེ་རི་ཁ་བྱང་མ་ནས་ཨ་ཧྥེ་རི་ཁ་བར་དང་ཨེ་ཤེ་ཡ་ལྷོ་མ་ནས་འཛམ་གླིང་དབུས་ཤར་ས་ཁུལ་བར་རྒྱ་སྐྱེད་བཏང་ཡོད།

ད་ཆ་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་སྦྲེལ་མཐུད་ནུས་ལྡན་དང་ཕན་ཚུན་ཁ་གསབ་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་བཀོད་པ་ཆགས་ནས། ཁྱབ་ཁོངས་མང་བ་དང་རིམ་པ་ཟབ་པའི་ཕྱི་ཕྱོགས་སྒོ་དབྱེར་སྟབས་བདེ་བསྐྲུན་ཡོད། ཀྲུང་གོའི་བོད་ཀྱི་འཕེལ་རྒྱས་གླེང་སྟེགས་དང་། ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས། ཀྲུང་གོའི་བོད་ཀྱི“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས། 《དཔལ་ལྡན་རྒྱུད་བཞིའི》རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་ལ་སོགས་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་མི་ཆོས་རིག་གནས་ཀྱི་ནང་དོན་སྣ་ཚོགས་ལ་བརྟེན་ཏེ་བོད་འདི་ཉིད་དེ་བས་སྒོ་དབྱེ་རྣམ་པའི་ཐོག་ནས་རྒྱུན་ཆད་མེད་པར་འཛམ་གླིང་དང་མཉམ་འདྲེས་བྱེད་བཞིན་ཡོད།

ད་ཕན་ལོ་ཤས་རིང་། བོད་ཀྱིས་གསར་བརྗེའི་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། མཐའ་མཚམས་ཡུལ་སྐོར། ཆེད་དོན་ཡུལ་སྐོར། བོད་ཀྱི་གསོ་བ་རིག་པའི་ཁམས་གསོ་དང་ཤ་རིད་དུ་གཏོང་བའི་ཡུལ་སྐོར་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་རྒྱུན་མཐུད་ཁྱབ་གདལ་བཏང་ནས་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། 2024ལོར་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་6389.1ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་བ་ཚོས་བོད་དུ་ཁྱོན་བསྡོམས་སྒོར་དུང་ཕྱུར་745.93འཛད་སྤྱོད་བྱས་ཡོད།

འགག་སྒོ་ནི་ཕྱི་ཕྱོགས་འགྲོ་འོང་དང་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཞིག་ཡིན། གྲངས་གཞི་ལས་མངོན་གསལ། ཀྲུང་གོའི་བོད་ཀྱིས་ན་ནིང་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་51.2ཟིན་ནས་84.8%འཕར་བ་དེས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་32.7%བཟུང་ཡོད།

སྒོ་དབྱེའི་བསམ་ཕྱོགས་ས་མཐོར་ཁྱབ་པ་དང་སྒོ་དབྱེའི་བྱེད་ཐབས་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད།

ལོ་66རིང་གི་ལོ་རྒྱུས་ལམ་བུ་ནི་ཟིལ་རླབས་དགུང་དུ་འཕྱུར་བའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཏན་འཁེལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་འོད་སྟོང་འབར་བའི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་མཆིས།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་27ཉིན་འབྱོར་བའི་གློག་འཕྲིན)

(པད་ཆོས་དང་ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེ་དང་བསོད་བདེ་ཆེ་བས་ཞུས)