དམངས་ཀྱི་སྐད་ཆ་ཉན། དམངས་ཀྱི་འདོད་བློ་བསྡུ། དམངས་ཀྱི་བློ་གྲོས་སྡུད། དམངས་ཀྱི་སྟོབས་ཤུགས་སྒྲིལ། ཟླ་3ཚེས་11ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་སྒྲིག་བྱུང་སྟེ། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་བ་རེད།
བརྡས་ཐག་གཅོད་ཐེངས་རེ་རེ་དང་ཐལ་མོའི་རྡེབ་སྒྲ་རེ་རེ་ལས་དམངས་གཙོའི་སྐད་སྒྲ་བརྒྱུད་སྤྲོད་བྱེད་པ་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། ཐུན་མོང་འབད་འཐབ་ཀྱི་དམིགས་ཚད་གཅིག་སྒྲིལ་བཅས་བྱས་ཡོད་པ་རེད།
རྒྱལ་ཡོངས་ཚོགས་འདུ་གཉིས་རིང་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཀྱི་རེ་སྒུག་མཚོན་པར་བྱས་ཏེ་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་ཐུན་མོང་ཐོག་གྲོས་མོལ་གནང་ནས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་གཏམ་བརྒྱུད་བསྒྲགས་བྱས་པས། སྤྱི་ཡོངས་ལ་བསམ་བཀོད་ཐུབ་པ་དང་། འཕེལ་རྒྱས་ལ་གཞོལ་བ། དམངས་ཆེད་འགན་འཁྲི་སྒྲུབ་པ་བཅས་ཀྱི་འགན་འཁུར་གྱི་སྙིང་སྟོབས་དང་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་ཡོད། དེ་དང་ཆབས་ཅིག ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་ནན་ཏན་སྒྲུབ་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་རྒྱ་ཁྱབ་བསྒྲིལ་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་བརྟས་པ་དང་དམ་པ་དོན་གཉེར་གྱི་སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་བསྐྱངས་ནས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། ཐབས་འདོན་ཇུས་འགོད་ཧུར་ཐག་བྱེད་པ། འགན་འཁྲི་ནན་ཏན་སྒྲུབ་པ་བཅས་བྱས་ཏེ་སྙན་སྒྲོན་དང་གྲོས་གཞི་ཁག་ལ་གྲོས་ཞིབ་ནན་ཏན་གནང་ཡོད།