《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月28日

༄༅་། ལོ་གསར་བཟང་།

རི་སྤྱང་།

སྐད་ཡིག་གསེར་གྱི་ཐག་པ་འདི། །

སྦྲུལ་ནག་བཞིན་དུ་འཁྱུག་དགོས་ན། །

རྩོམ་ཡིག་གསེར་གྱི་པ་ཊ་དགོས། །

རྩོམ་པ་པོ་རྣམས་ལོ་གསར་བཟང་། །

རིག་གནས་གཏེར་གྱི་ཆུ་མཛོད་དེ། །

མི་ནུབ་བརྟན་པོར་འཁྱིལ་དགོས་ན། །

བླང་དོར་འབྱེད་པའི་མཁས་པ་དགོས། །

ཤེས་ལྡན་པ་རྣམས་ལོ་གསར་བཟང་། །

འབྲོག་པའི་རྟ་ནོར་ལུག་གསུམ་ནི། །

བོད་མིའི་གཡང་གི་རྒྱན་ཆ་ཡིན། །

རྟག་ཏུ་སྲུང་བའི་མེལ་ཚེ་བ། །

ཨ་ཁུ་འབྲོག་པ་ལོ་གསར་བཟང་། །

ཞིང་པའི་གྲོ་ནས་སྲན་གསུམ་ནི། །

མི་དམངས་འཚོ་བའི་རྟེན་ཕུར་ཡིན། །

ཇི་བཞིན་སྲུང་བའི་དཔའ་བོ་སྟེ། །

སོ་ནམ་པ་རྣམས་ལོ་གསར་བཟང་། །

ཤེས་བྱ་རིག་པའི་ཐང་ཆེན་དུ། །

མི་འཇིགས་བརྩོན་པའི་མདུང་ཐོགས་ནས། །

སྦྲུལ་བཞིན་ལང་ཚོ་ངོམ་བཞིན་པའི། །

ལོ་ཆུང་གཞོན་ནུ་ལོ་གསར་བཟང་། །

རིང་རིང་མི་ཚེའི་ཐང་ཆེན་དུ། །

རྒྱལ་ཕམ་རེས་མོས་རྩོད་ནས་འོངས། །

མཐའ་མར་རྒྱལ་ཁའི་འབྲས་བཟང་ཐོབ། །

རྒན་རྒོན་རྣམ་པ་ལོ་གསར་བཟང་། །

ས་ཡི་གོ་ལར་འཚོ་བཞིན་པའི། །

རྒན་དར་གཞོན་གསུམ་སྐྱེ་བོ་ཀུན། །

བཀྲ་ཤིས་ལོ་གསར་སྤྲོ་པོ་དང་། །

རྟག་ཏུ་ལུས་བདེ་སེམས་སྐྱིད་ཤོག །