《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月28日

༄༅་། རེ་བས་ཁེངས་པའི་གནམ་ལོ་གསར་པ་།

རྫ་ཤུལ་བློ་བཟང་།

སྟོད་ན་ལྷ་བསང་སྔོན་མོའི་དུ་བ་འཕྱུར། །

དྭངས་གཙང་ཡོན་ཆབ་དགྱེས་པའི་མཆོད་པ་ཡག །

དེ་རིང་བཀྲ་ཤིས་གནམ་ལོ་གསར་ཚེས་ལ། །

ཚང་མར་སྨོན་ཚིག་ཕུལ་ཡོད་སྤུན་ཟླ་ཚོ། །

བར་ན་བསོད་ནམས་རླུང་རྟའི་འཇའ་རིས་འཁྲིགས། །

བདུད་རྩི་ནས་ཆང་མངར་མོའི་མཆོད་པ་ཕུལ། །

དུས་གསར་དུས་ཀྱི་དགའ་སྟོན་རོལ་བའི་ཉིན། །

ཁ་ལས་དགེ་མཚན་འབར་བའི་རྟགས་མཚན་ཡིན། །

ནང་མཐུན་ཕུ་ནུ་ལྷན་འཛོམས་བྱུང་བའི་དུས། །

དགའ་སྟོན་དཔལ་ལ་རོལ་བའི་དུས་བཟང་ཉིན། །

གནམ་ལོ་གསར་པ་ཁ་གཡང་ཚིག་གིས་བརྒྱན། །

དགེ་ལེགས་དོན་ཀུན་འགྲུབ་པའི་རྟེན་འབྲེལ་ཡིན། །

དཀར་དམར་ཟས་ཀྱི་མཆོད་པ་བཤམས་སྟངས་ཡག །

ལྡེམ་ལྡེམ་བྲོ་ཡི་གར་སྟབས་མིག་ལ་མཛེས། །

སྙན་སྙན་དབྱངས་ཀྱི་ང་རོས་ཡིད་དབང་ཕྲོགས། །

གནམ་ལོ་གསར་པར་དགའ་བདེའི་དཔལ་ལ་རོལ། །

དཀར་དཀར་འཛུམ་པའི་ཚེམས་ཕྲེང་ཚར་དུ་དངར། །

མཛེས་མཛེས་གཞོན་ནུའི་ལང་ཚོ་འཇོ་སྒེག་ལྡན། །

ལམ་ལམ་གློག་འོད་འཚེར་བའི་དུས་ཆེན་ཏེ། །

བཀྲ་ཤིས་ལོ་གསར་བསུ་བའི་དགའ་སྟོན་རེད། །

དེ་རིང་བཀྲ་ཤིས་རྫོགས་ལྡན་ཤར་བའི་ཉིན། །

སྨོན་འདུན་བཟང་པོ་འཛམ་གླིང་ཡོངས་ལ་ཕུལ། །

དེ་རིང་བཀྲ་ཤིས་དོན་བཟང་འགྲུབ་པའི་ཉིན། །

འཛུམ་པའི་ཨུཏྤལ་སེམས་ཀྱི་དབུས་སུ་འཁྲུངས། །

དེ་རིང་བཀྲ་ཤིས་ལོ་གསར་དགའ་སྟོན་ཉིན། །

སྨོན་འདུན་རུམ་གང་བཟུང་ནས་མདུན་དུ་ཆས། །

ཕུགས་བསམ་རིང་མོ་ཞིག་ལ་ཡིད་གཏད་ནས། །

གནམ་ལོ་གསར་པའི་འོད་སྣང་འཕྲོ་སར་ཆས། །

གཞོན་ནུའི་ལང་ཚོ་མེ་ཏོག་དོ་ཟླར་འཁུ། །

ཤེས་རིག་པདྨའི་འདབ་བཟང་གང་སར་བཞད། །

ཨ་ཇོའི་བསོད་ནམས་སྙན་གྲགས་འབྲུག་བཞིན་ལྡིར། །

དབང་ཐང་རླུང་རྟ་དར་བའི་སྨོན་འདུན་ཞུ། །