《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月28日

བོད་ཀྱི་ལོ་གསར་ལ“རིག་གནས་ཀྱི་བྲོ་བ”དེ་བས་ལྡན་པར་བྱས་པ།

བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་ཀྱི་ཟླ་2ཚེས་26ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་སྒོ་ར་ཆེན་པོར་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་སྟེ། རྒྱལ་ཡོངས་དཔྱིད་དུས་ཀྱི“གྲོང་ཚོའི་མཚན་ཚོགས”ཀྱི་དཔེ་སྟོན་འགྲེམས་སྟོན་བྱ་ཡུལ་དང་2025ལོའི་གཞིས་རྩེ་གྲོང་ཁྱེར་གྱི་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་རིག་རྩལ་མཉམ་སྤྲོའི་བྱེད་སྒོ་ཚ་ཚ་འུར་འུང་ངང་སྤེལ་བ་རེད།

བྱེད་སྒོ་དེ་འགོ་ཚུགས་ཞབས་བྲོ《འཆམ་མཐུན་གྱིས་ལོ་གསར་བསུ》ཞེས་པའི་ཁྲོད་འགོ་ཚུགས་ཡོད། འཁྲབ་སྟོན་ནང་ཞུགས་མཁན་གྱིས་ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ནས་སྤྲོ་སྣང་དང་དགའ་བས་ཕྱུག་པའི་སྟངས་སྟབས་ངོམ་པ་དང་། མི་སེམས་འགུལ་བ་དང་རྣ་བར་སྙན་པའི་གླུ་གཞས་བླངས་པ། སྤྲོ་ནང་ལྡན་པའི་དགོད་བྲོའི་གཏམ་གླེང་ཤོད་པ་བཅས་བྱས་ནས་ལྟད་མོ་བ་ཚོ་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པའི་ཁྲོད་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལ་རོལ་ཡོད།

ད་ཐེངས་ཀྱི་བྱེད་སྒོར་ཆེད་ལས་སྒྱུ་རྩལ་ཚོགས་པའི་སྤྲོ་སེམས་འཁོལ་བའི་འཁྲབ་སྟོན་ཡོད་ལ། དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཀྱང་དེའི་ནང་ཧུར་ཐག་ཞུགས་ཡོད། འཁྲབ་སྟོན་པ་རྒན་དར་གཞོན་གསུམ་གྱིས་ལྟད་མོ་བ་ཚོར་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་སྟོབས་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞིས་རྩེ་གསར་པ་སྐྲུན་པའི་གདེང་ཚོད་འཕེལ་བར་བྱས་ཡོད།

(རིག་རྡོར་གྱིས་སྒྱུར་ཞུས་བྱས)