《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月27日

ཁྱིམ་གྱི་སྒོ་རྩའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ལྟ་རིན་ཆེན་པོ་ཡོད་པ།

“འགོ་ཚུགས་གྲབས་འདུག ང་ཚོ་མགྱོགས་པོ་འགྲོ ཕྱི་དྲགས་ན་བསྡད་ས་རག་གི་མ་རེད” ཟླ་2ཚེས་23ཉིན་གྱི་ས་སྲོས་སུ། མཚོ་སྨད་གྲོང་རྡལ་གཏམ་ཤུལ་སྡེ་ཁུལ་གྱི་གྲོང་མི་དཔལ་འབྱོར་གྱིས་འཁྲབ་སྟོན་སྔ་ཙམ་ལྟ་བར་འགྲོ་ཆེད་ཕྲུ་གུར་མགྱོགས་པོ་ཐོན་དགོས་པའི་ཁ་ཏ་བྱེད་བཞིན་འདུག ཉིན་དེའི་དགོང་མོར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་2025ལོའི་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་རིག་རྩལ་མཚན་ཚོགས་རྫོང་རིག་གནས་བྱེད་སྒོ་ལྟེ་གནས་སུ་གཉེར་བ་རེད།

བོད་ཀྱི་ལོ་གསར་འཆར་ལ་ཉེ་བས། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་སུ་ལྟད་མོ་ཆེ་བའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་འཆར་འགོད་ཞིབ་ཚགས་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)12དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)60ལྷག་ཙམ། དེ་བཞིན་སྲིད་འཛིན་གྲོང་ཚོ་ཁག་བཅས་སུ་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད། མཚོ་སྨད་རྫོང་གི་2025ལོའི་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་རིག་རྩལ་མཚན་ཚོགས་དེ་ལྷོ་ཁ་གྲོང་ཁྱེར་གྱིས་ཉེ་དུས་སྤེལ་བའི་རིག་གནས་དམངས་ཕན་བྱེད་སྒོ་མང་པོའི་གྲས་ཤིག་རེད།

ཆུ་ཚོད་19དང་སྐར་མ་30ཙམ་ལ། མཚན་ཚོགས་དེ་གླུ་གར《བཀྲ་ཤིས་ལོ་གསར》ཁྲོད་འགོ་ཚུགས་པ་དང་། སྤྲོ་སེམས་འཁོལ་བའི་འགྱུར་ཁུག་དང་ལྡེམ་ཞིང་འཁྱུག་པའི་སྟངས་སྟབས་ཀྱིས་གར་སྟེགས་དེ་མར་འཁྲུག་ཆ་དོད་པོ་བཟོས་པ་དང་། ཞབས་བྲོ《བདེ་སྐྱིད་འཚོ་བར་བསྟོད་པ》ཞེས་པ་འཁྲབ་ནས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་བ། རྐྱང་གཞས《གཏམ་བཟང》དང《བཀྲ་ཤིས་པའི་ཉིན་མོ》 《ལང་ཚོའི་གར་སྟེགས》བཅས་ཀྱིས་བབ་ཆགས་པའི་གླུ་དབྱངས་ལས་མཚོ་སྨད་མི་དམངས་ཀྱི་སེམས་རྩ་འཁོལ་བའི་ཉམས་འགྱུར་མཚོན་པར་བྱས་ཡོད་ལ། གྲོང་གསེབ་དར་རྒྱས་ཀྱི་བརྒྱུད་རིམ་ཁྲོད་མངོན་པའི་མཚོ་སྨད་མི་དམངས་ཀྱི་རྣམ་པ་གསར་པ་དང་གསོན་ཤུགས་གསར་པའང་མཚོན་པར་བྱས་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

“ཞབས་བྲོ་དང་། གཏམ་བརྗོད་ཟློས་གར། གཞས་མ་གཏམ་སོགས་འཁྲབ་སྟོན་སྣ་ཚོགས་ཡོད་པས། ད་ཐེངས་ཀྱི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་ལྟ་རིན་ཆེན་པོ་འདུག”ཅེས་མང་ཚོགས་བསྟན་འཛིན་གྱིས་མཐེ་བོང་བསྒྲེངས་ཤིང་བསྔགས་བརྗོད་བྱས།

ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་དུ། “ཕ་ཡུལ་ལ་བརྩེ་བ་ཟབ་མོ་བཅངས། རིག་རྩལ་གྱི་ངོ་མཚར་ཕུགས་འདུན་གཏོད”དང་བོད་ཀྱི་ལོ་གསར་སྤྲོ་བས་བསུ་བའི་རིག་རྩལ་འཁྲབ་སྟོན་སྐབས་དང་པོ་ཁྲང་ཏེ་ཐང་ཆེན་དུ་འཁྲབ་པ་རེད། དགའ་སྤྲོ་རབ་ཏུ་འཁོལ་བའི་འགོ་ཚུགས་ལེ་ཚན《བཀྲ་ཤིས་ཞོལ་པ》ཞེས་པའི་ཁྲོད་དུ་འཁྲབ་སྟོན་འགོ་ཚུགས་ཤིང་། གླུ་གཞས་དང་། ཞབས་བྲོ། རྐྱང་གཞས་སོགས་ལེ་ཚན་སྣ་ཚོགས་རེས་མོས་ཀྱིས་འཁྲབ་པར་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་པ་རེད།

གྲོགས་པོ་ཆུང་ཆུང་ལྷག་པ་བཀྲ་ཤིས་ཀྱིས་དཀྲོལ་བའི་སྒྲ་སྙན《བཀྲ་ཤིས་བག་བྲོ》ཞེས་པས་ཚོགས་ར་ཡོངས་སུ་སྐད་གྲགས་བཞག ཁོ་པའི་ལུས་ལ་སྤུས་ཀ་དག་པའི་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་པ་དང་ལག་ཏུ་སྒྲ་སྙན་ཆུང་ལ་སྙིང་རྗེ་པོ་ཞིག་འཁྱེར་ཞིང་། བྱང་ཆུབ་པོས་རྒྱུད་སྐུད་དཀྲོལ་བ་དང་སྦྲགས་སྙན་ཞིང་འཇེབས་པའི་རོལ་དབྱངས་ལྷང་ལྷང་དུ་གྲགས། ལྟད་མོ་བ་རྣམས་ཁོ་པའི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ཡིད་དབང་རབ་ཏུ་འཕྲོག་ནས་དགའ་བསུ་དང་དགའ་འབོད་ཡང་ཡང་བྱས་པ་རེད།

ཡར་འབྲོག་གཡུ་མཚོའི་འགྲམ་དུ་ཆགས་པའི་སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་དུ“བཀྲ་ཤིས་ལོ་གསར་ལ་དགའ་སྐྱིད་གླུ་དབྱངས་ལེན། རིག་རྩལ་འཁྲབ་སྟོན་བྱས་ནས་དུས་སྟོན་བཟང་པོར་བསྟོད”ཅེས་པའི་ལོ་གསར་མཁོ་ཆས་འགྲེམས་ཚོང་དང་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། དེས་ཤང་ཡོངས་ཀྱི་མི་དམངས་ལ་སྣ་མང་ཕུན་སུམ་ཚོགས་ཤིང་ངོ་མཚར་ཆེ་བའི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་ཆབས་ཅིག་ས་གནས་དེ་གའི་ཚོང་དོན་བྱེད་སྒོར་སྐུལ་མ་ཡང་ཐེབས་ཡོད།

འཁྲབ་སྟོན་བྱ་ཡུལ་དུ། འཁྲབ་སྟོན་པ་ཚོའི་འཁྲུག་ཆ་དོད་པའི་སྟངས་སྟབས་ལས་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་པ་དང་འབྱུང་འགྱུར་ལ་རེ་བས་ཁེངས་པ་མཚོན་པ་དང་། རྐྱང་གཞས་གཏོང་མཁན་གྱིས་བརྩེ་བ་ཟབ་མོས་གླུ་དབྱངས་མང་པོ་བླངས་ཤིང་། 《གླུ་ཞིག་བླངས་ནས་ཏང་ལ་ཕུལ》ཞེས་པར་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་དགའ་འབོད་ཐོབ་ནས་ཚང་མས་མཉམ་དུ་བཏང་། དེ་གར་དགའ་བསུ་དང་དགའ་འབོད་ཡང་ཡང་གྲགས་ནས་བྱེད་སྒོར་མཐོ་རླབས་གསར་པ་འཕྱུར།

གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ལོ་གསར་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང“ལོ་གསར་རིང་མངོན་མིན་རིག་གནས་ཤུལ་བཞག་ངོམས་སྟོན”ཞེས་པའི་བོད་ཀྱི་ལོ་གསར་གྱི་ལྷོ་ཁའི་དམངས་སྲོལ་རིག་གནས་ཡུལ་སྐོར་དང་ཉམས་ལེན་བྱེད་སྒོ་དང་། “སྐོར་སྐྱོད་རྟེན་མཛོད་ཁང”ཞེས་པའི་གསར་བརྗེའི་སྐོར་སྐྱོད་འགྲེམས་སྟོན་སྐོར་འཁྲབ། སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་སོགས་སུ་ལོ་གསར་གཏོང་བ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལ་བརྟེན་ནས་ལོ་གསར་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་ཟླ་3པའི་ཟླ་དཀྱིལ་བར་རྒྱུན་མཐུད་རྒྱུ་རེད།

(ཚེ་སྒྲོལ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)