《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月27日

བོད་ལྗོངས་རྟེན་མཛོད་ཁང་གིས་ལོ་གསར་གྱི་བྱེད་སྒོ་སྤེལ་བ།

སྐུ་ཉིད་ཐུན་མོང་མ་ཡིན་པའི་ལོ་གསར་གྱི་རིག་གནས་མྱོང་རོལ་ལ་ཕེབས་པར་དགའ་བསུ་ཞུ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་2ཚེས་25ཉིན། གསར་འགོད་པར་བོད་ལྗོངས་རྟེན་མཛོད་ཁང་ནས་ཤེས་རྟོགས་བྱུང་བར། ཁང་དེས་ཟླ་2ཚེས་28ནས་ཟླ་3ཚེས་2ཉིན་བར“རྒྱུན་འཛིན། མཉམ་དུ་རྟེན་འབྲེལ་ཞུ”ཞེས་པའི་བོད་ཀྱི་ལོ་གསར་གྱི་བྱེད་སྒོ་སྤེལ་ནས་སྤྱི་དམངས་ལ་དབྱིངས་ཚུད་རྣམ་པའི་རིག་གནས་མྱོང་རོལ་བྱེད་དུ་འཇུག་རྒྱུ་རེད།

བྱེད་སྒོ་སྤེལ་རིང་མང་ཚོགས་ཀྱིས་བོད་ལྗོངས་རྟེན་མཛོད་ཁང་གི་ཐོག་སོ་གཉིས་པར་རྩ་ཆེའི་གནའ་དཔེར་ཐག་ཉེ་ས་ནས་བལྟ་ཐུབ་ལ་བོད་ཡིག་ཡིག་གཟུགས་འབྲི་སྟངས་དེ་བས་མྱོང་རོལ་ཐུབ་རྒྱུ་རེད། གཞན་ཡང་གནའ་དཔེ་འགྲེམས་སྟོན་ཚོམས་ཆེན་གྱི་འཛུལ་སྒོར་ད་དུང་དཔར་འདེབས་ཉམས་ལེན་ཁུལ་ཡང་བཀོད་སྒྲིག་བྱས་ནས་མི་ཚོས་འགྲེམས་སྟོན་གྱི་ཆེད་བཟོས་ཐམ་ག་ཡོད་པའི་བརྩམས་ཆོས་པར་བཏབ་ཆོག་གི་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

བྱེད་སྒོའི་སྤྲོ་སྣང་དོད་དུ་གཏོང་ཆེད། བོད་ལྗོངས་རྟེན་མཛོད་ཁང་གིས་ད་དུང་ལོ་12དང་དེ་ཡན་གྱི་གཞོན་ནུ་ལོ་ཆུང་ལ་གསང་བ་འཚོལ་ཞིབ་ཀྱི་ལས་འགན་བཀོད་སྒྲིག་བྱས་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་ལྷུ་ཚིགས་སུ་བོད་ལྗོངས་རྟེན་མཛོད་ཁང་གི་འགྲེམས་སྟོན་ཚོམས་ཆེན་གྱི་འཛུལ་སྒོར་འབྲས་དཀར་དང་སྲོལ་རྒྱུན་གྱི་འབྲོང་རྩེད་འཁྲབ་པ་ཕུད། ད་དུང་ཕྱེ་མར་དང་ཞིམ་མངར་མཆོད་ཆང་བཏེགས་པ་སོགས་ལོ་གསར་གྱི་སྲོལ་རྒྱུན་རིག་གནས་མྱོང་རོལ་བྱེད་དུ་འཇུག་རྒྱུ་རེད།

ས་གནས་ས་ཐོག་ཏུ་ཡོང་མི་ཐུབ་པའི་ལྟད་མོ་བའི་དགོས་མཁོ་སྐོང་ཆེད། བོད་ལྗོངས་རྟེན་མཛོད་ཁང་གིས་ད་དུང་བོད་ཀྱི་ལོ་གསར་ཚེས་གཅིག་ལ་འཁྱུག་དབྱིངས་ཀྱི་གཞུང་ཕྱོགས་ཨང་རྟགས་དང་སྐད་འཕྲིན་གྱི་བརྙན་ཐུང་ཨང་རྟགས་བརྒྱུད། ལོ་གསར་གྱི་བྱེད་སྒོ་ཐད་གཏོང་བྱ་རྒྱུ་ཡིན་པས། ལྟད་མོ་བས་ཐད་གཏོང་བརྒྱུད་ཕྱོགས་ཡོངས་ནས་བོད་ཀྱི་ལོ་གསར་གྱི་འཁྲུག་ཆ་དོད་པའི་རྣམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་ཆོག་གི་ཡོད་པ་རེད།

(བསོད་བདེ་ཆེ་བས་བསྒྱུར། པད་ཆོས་ཀྱིས་ཞུས)