འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཁྲོད་དངུལ་ཁང་དེས་ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་ལ་བརྡ་ལན་ཧུར་ཐག་ཞུས་ཏེ། “ཞིང་གསུམ”ལ་ཞབས་འདེགས་ཞུ་རྒྱུ་གཙོ་འགན་གཙོ་ལས་སུ་བརྩིས་ཏེ་ཞིང་འབྲོག་པའི་དངུལ་རྩའི་ཞབས་ཞུའི་ཉམས་ལེན་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། གྲོང་གསེབ་དར་རྒྱས་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཁྱད་ཆོས་ལྡན་པའི་ཞིང་ལས་དང་། གྲོང་གསེབ་ཡུལ་སྐོར། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། རིམ་རྩིས་བརྒྱབ་ན་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་18.47བཏང་བའི་ནང་གྲོང་གསེབ་དར་རྒྱས་ཀྱི་ཁྱབ་ཁོངས་ལ་དངུལ་བུན་སྒོར་ཁྲི་9077.9བཏང་སྟེ་རིམ་ཁག་སྣེ་ཁྲིད་ཁེ་ལས་དང་དེ་བཞིན་ཞིང་འབྲོག་པའི་མཉམ་ལས་ཁང་ལ་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་དཔལ་འབྱོར་གྱི་འཕར་གནས་གསར་པ་སྐྱེད་སྲིང་དང་གྲོང་གསེབ་ཀྱི་ཐོན་ལས་ཕྱུག་འགྱུར་རིམ་སྤོར་ལ་རོགས་རམ་བྱས་ཡོད།
སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་དོ་དམ་ཨུ་ལྷན་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་སྟེ། ལྷ་ས་གྲོང་ཁྱེར་གྱི་རྫོང་ཆུས་ཡོངས་དང་ནུས་པའི་གླིང་ཁུལ་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་བཏང་ཡོད།
དངུལ་རྩའི་ཐོན་རྫས་གསར་གཏོད་ཟབ་ཏུ་བཏང་ནས་ས་གནས་ཅན་གྱི་ཁྱད་ལྡན་ཐོན་རྫས་མང་པོ་བཏོན་པ་དཔེར་ན“སྤོས་བཟོའི་དངུལ་བུན”དང“བཞོན་མའི་དངུལ་བུན”སོགས་ཡིད་རྟོན་དངུལ་བུན་བཏང་ནས་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད།