ཁྲིམས་སྒྱུར་ལས་དོན་ལ་ལེགས་བཅོས་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་བདེ་པུའུ་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་ཁྲིམས་སྒྱུར་འདུ་ཤེས་བརྟན་པོར་འཛུགས་པ་དང་། སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལྡན་པ་དང་སྟབས་བདེ་བའི་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་དགོས་མཁོ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་པ་དང་དུས་མཚུངས། ཞི་འཇམ་ཁྲིམས་སྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། དམངས་ཆེད་ཁྲིམས་སྒྱུར་དང་ཁྲིམས་སྒྱུར་དམངས་བདེ་ཡོང་བར་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་རྒྱུན་ཆད་མེད་པར་བཏང་བ་རེད།
སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་གྱིས“ཁྲིམས་ལས་ཐོག་མར་འགལ་བར་ཐ་ཚིག་སྒྲོག་པ་དང་ཚབས་ཆུང་བར་ཆད་པ་མི་གཅོད་རྒྱུ”མཐའ་འཁྱོངས་བྱས་པ།
ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ“སློབ་གསོ་དང་ཆད་གཅོད་ཟུང་དུ་འབྲེལ་བའི”རྩ་དོན་རྒྱུན་འཛིན་བྱས་ཏེ། ཁྲིམས་ལྟར་འགན་འཁྲི་ནན་པོ་ཁུར་བའི་རྨང་གཞིའི་ཐོག་ཞི་མཐུན་བསམ་ཤེས་ཀྱི་ཁྲིམས་སྒྱུར་དང་མི་གཤིས་ཅན་གྱི་ཁྲིམས་སྒྱུར་ལག་ལེན་བསྟར་ཞིང་། ཁྲིམས་སྒྱུར་བྱེད་རིང་། སྤྱི་བདེ་པུའུ་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་སྤྱི་འདོམས་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྤྱིར་བཏང་གི་ཁྲིམས་ལས་ཐོག་མར་འགལ་བར་ཐ་ཚིག་སྒྲོག་པ(ཁྲིམས་ལས་ཐོག་མར་འགལ་བར་ཆད་པ་མི་གཅོད་པ)དང་ཁྲིམས་འགལ་ཚབས་ཆུང་རིགས་ལ་ཆད་པ་མི་གཅོད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། འགྲོ་ལམ་འགྲིམ་འགྲུལ་གྱི་སྤྱིར་བཏང་གི་ཁྲིམས་འགལ་བྱེད་སྤྱོད་རིགས་10ལས་ཐོག་མར་འགལ་བར་ཐ་ཚིག་སྒྲོག་པ་དང་། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཆུང་རིགས་7ལ་ཆད་པ་མི་གཅོད་པ་སོགས་ཀྱི་གཏན་འབེབས་ལག་བསྟར་ནན་ཏན་བྱས་ཏེ། ཁྲིམས་སྒྱུར་བྱེད་ཤུགས་ཆེ་ལ་བརྩེ་བ་ཡང་ལྡན་པར་བྱས་པ་དང་། གནས་ལུགས་དང་ཁྲིམས་ལུགས་ཟུང་འབྲེལ་དམ་ཟབ་མངོན་འགྱུར་ཐུབ་པར་བྱས་ནས། “ཞི་འཇམ”གྱི་བྱ་ཐབས་ལ་བརྟེན་ཏེ་ཁ་ལོ་བ་རྣམས་ལ་ཁྲིམས་ལྟར་ཡ་རབས་ངང་རླངས་འཁོར་གཏོང་བར་ཁྲིད་སྟོན་བྱས་པ་རེད། 2024ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་ཁྲིམས་འགལ་གྱོད་གཞི་ཁྲི་18.3ལྷག་ཙམ་ལ་ཐ་ཚིག་ཐོག་མར་བསྒྲགས་པ(ཁྲིམས་ལས་ཐོག་མར་འགལ་བར་ཆད་པ་མི་གཅོད་པ)རེད།
དེའི་རྨང་གཞིའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྤྱི་བདེ་པུའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་དྲན་སྐུལ་ལམ་སྲོལ་གཞིར་བཟུང་། ཁྲིམས་འགལ་ངང་རླངས་འཁོར་འཇོག་མཁན་ལ་འཕྲིན་ཐུང་བསྐུར་ནས་དྲན་སྐུལ་བྱེད་ནུས་གསར་བརྗེས་ལེགས་གྲུབ་ཟིན་ཡོད་པ་རེད། 2024ལོ་ནས་བཟུང་། ཁྱོན་བསྡོམས་རླངས་འཁོར་གང་བྱུང་དུ་འཇོག་མཁན་ལ་འཕྲིན་ཐུང་བརྒྱུད་བརྡ་ཐོ་ཁྲི་252.26ལྷག་ཙམ་བཏང་ཡོད། དེ་དང་ཆབས་ཅིག སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་བཅོས་སྐྱོང་དང་དྲིལ་བསྒྲགས་སློབ་གསོ་གཉིས་མཉམ་འདྲེས་བྱས་ནས། “ཁྲིམས་སྦྱོང་སྐར་འཐེན”གྱི་བཀོལ་སྤྱོད་དང་ཁྱབ་སྤེལ་ལས་དོན་ཏན་ཏིག་སྤེལ་བ་རེད།
ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས“རིགས་དབྱེ་ཇུས་བསྟར་དང་དམངས་འཚོར་ཞབས་འདེགས་ཞུ་རྒྱུ”མཐའ་འཁྱོངས་བྱས་པ།
ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་སྒྱུར་དོ་དམ་ནན་པོ་བྱེད་པ་དང་ཆབས་ཅིག མང་ཚོགས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས། རིགས་དབྱེ་ཇུས་བསྟར་དེ་དམངས་འཚོར་ཕན་འདོགས་པ་དང་གཅིག་གྱུར་དམ་ཟབ་བྱས་ནས། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཞབས་ཞུ་དེ་བས་བརྩེ་བ་ལྡན་པ་ཞིག་ཏུ་བསྒྱུར་ཡོད། འགྲིམ་འགྲུལ་དོ་དམ་གྱི་སྒྱུར་བཅོས་དང་ཞབས་ཞུ་སྟབས་བདེ་ཅན་ལ་ཤུགས་སྣོན་རྒྱག་པའི་ཐད། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་དོ་དམ་ལས་སྒོའི་སྐར་ཁུང་གི་དོ་དམ་བྱེད་སྟངས་དང་ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་གསར་གཏོད་དང་ལེགས་བཅོས་བྱས་ཏེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་གཞི་ཚུགས་པ། “ཐེངས་གཅིག་ལ་སྒྲུབ་པ་དང་འཕྲལ་དུ་སྒྲུབ་པ”དང་། “གཅིག་འཐུས་རྣམ་པའི”སྒྲུབ་གཉེར། མི་དགོས་པ་བཞིའི་ཞབས་ཞུ། ཞིབ་བཤེར་རྗེས་སུ་འཇོག་པ། མི་འདང་ས་དང་ལེན་བྱེད་པ། འཁོར་སྐྱོད་རླངས་འཁོར་དོ་དམ་སུའོ་སོགས་ཁག་11གི་དམངས་ལ་ཕན་པ་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་གསར་པ་109ཕྱོགས་ཡོངས་ནས་བཏོན་པར། སྤྱི་བདེའི་སྲིད་དོན་ཞབས་ཞུའི་མྱུར་ཚད་མགྱོགས་སུ་དང་སྤུས་ཚད་ལེགས་སུ་སོང་བ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད། མིག་སྔའི་བར། སྒྱུར་བཅོས་བྱེད་ཐབས་གསར་པ་དང་འབྲེལ་བ་ཡོད་པའི་ལས་སྒོ་ཁྱོན་ཁྲི་60ལྷག་ཙམ་གཉེར་ཡོད།
དྲིལ་བསྒྲགས་ཀྱི་ཕན་འབྲས་རྒྱ་ཆེར་བཏང་ནས“དྲ་ཐོག་ཏུ་ཁྱབ་བསྒྲགས་དང་དྲ་ཕྱི་ནས་ནུས་ཤུགས་འདོན་རྒྱུ”མཐའ་འཁྱོངས་བྱས་པ།
“བདུན་སྤེལ”གྱི་དྲིལ་བསྒྲགས་གཡུལ་ས་བརྟན་དུ་རྒྱུན་མཐུད་གཏོང་བའི་རྨང་གཞིའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་སྐྱོད་པ”དང“ཉེན་ཁ་ཚོར་བ་དང་ཉེན་ཁར་གཡོལ་ཤེས་པ”སོགས་དྲིལ་བསྒྲགས་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། སློབ་གྲྭ་དང་། ཁེ་ལས། སྡེ་ཚན་བཅས་དབར་གྱི་འབྲེལ་གཏུག་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ཡོད། འགྲིམ་འགྲུལ་ཉེན་རྟོག་པ་ཕྱོགས་རྐྱང་པས་ལས་འགན་སྒྲུབ་པ་དང་ཁྲིམས་སྒྱུར་བྱེད་པ་དེ་ཉེན་རྟོག་པ་དང་མང་ཚོགས་མཉམ་འགུལ་དང་། མཉམ་སྐྲུན། མཉམ་བཅོས་བཅས་སུ་བསྒྱུར་ནས་འགྲིམ་འགྲུལ་སྒྲིག་ལམ་བཟང་པོ་ཐུན་མོང་ཐོག་བསྲུངས་ཡོད། མིག་སྔའི་བར། “བདུན་སྤེལ”དྲིལ་བསྒྲགས་ཐེངས་200ལྷག་ཙམ་སྤེལ་ནས། དྲིལ་བསྒྲགས་དཔྱད་ཡིག་ཁྲི་10ལྷག་ཙམ་བཀྲམ་པར། སློབ་གསོ་ཐེབས་པའི་མི་ཐེངས་ཁྲི་50ལྷག་ཙམ་ཟིན་ནས། སྤྱི་ཚོགས་ཡོངས་ཀྱིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་ཁུར་བྱེད་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།