འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་ཆེད། ཉིན་ཤས་གོང་། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀརྨ་དགོན་གསར་མངགས་གཏོང་ཁང་གིས“སྔོན་འགོག་གཙོ་བོར་འཛིན་པ་དང་། འདུམ་འགྲིག་སྔོན་ལ་བྱེད་པའི”ལས་ཀའི་འདུ་ཤེས་ལ་བརྟེན་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། སྡེ་ཁུལ་གྱི་དྲ་བའི་ཉེན་རྟོག་པས་ལས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་ནས། ཁོངས་གཏོགས་ཁུལ་གྱི་ཁུག་འཁྱོག་གང་སར་བསྐྱོད་དེ་མང་ཚོགས་དང་ངོ་ཐུག་གདོང་ཐུག་གིས་སྤེལ་རེས་དང་། མང་ཚོགས་ཀྱི་བསམ་ཚུལ་དང་རེ་ཞུ་ཉན་པ། མངོན་མེད་ཀྱི་འགལ་བ་དང་རྩོད་གླེང་གི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་གྲལ་བཤེར་ཞིབ་ཚགས་བྱས་ནས། ནུས་ཤུགས་ཡོད་རྒུས་ཁོངས་གཏོགས་ཁུལ་ཞི་མཐུན་དང་ལྷིང་འཇགས་ཡོང་བར་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།
2024ལོའི་ཟླ་12ཚེས་31ཉིན། མི་དམངས་ཉེན་རྟོག་པས་མངའ་ཁོངས་སུ་འདྲི་རྩད་བྱེད་རིང་རྙོག་འཛིང་གནད་དོན་ཞིག་ཤེས་རྟོགས་བྱུང་བ་སྟེ། ཧྭ་ཆེ་གེ་མོས་2024ལོར་ཀརྨ་དགོན་གསར་སྡེ་ཁུལ་དུ་གྲོང་མིའི་སྡོད་ཁང་ཐོག་བརྩེགས་ཤིག་སྐྲུན་འགན་འཁུར། ལོ་མཇུག་ཏུ་ཁང་བདག་གིས་ལས་བཟོར་ཆད་པའི་ལས་གྲྭའི་མཇུག་དངུལ་ཁྲི་4ལྷག་ཙམ་ཡུན་རིང་སྤྲད་མེད། ཕྱོགས་གཉིས་པོའི་དབར་གྲོས་མོལ་ཐེངས་མང་བྱས་ཀྱང་གྲུབ་འབྲས་མ་ཐོབ་པའི་དབང་གིས་ལས་མི་ཚོའི་རྣམ་འགྱུར་ཡང་ཇེ་སྡུག་ཏུ་སོང་ཡོད།
ཞིང་པ་ལས་མིའི་ཁ་ཚ་དགོས་གཏུགས་ཀྱི་གླ་ཕོགས་འདི་འཁྱེར་ནས་ཁྱིམ་དུ་ལོ་གསར་གཏོང་བར་སྐྱོད་པའི་དཀའ་ངལ་དངོས་ལ་བསམ་གཞིག་བྱས་ནས། དྲ་བའི་ཉེན་རྟོག་པས་འཕྲལ་དུ་ཀརྨ་དགོན་གསར་སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་དང་དྲ་བའི་མི་སྣ་སོགས་ཀྱིས་ཁང་བདག་དང་ལས་ཡུལ་དེའི་གནས་ཚུལ་ལ་རྒྱུས་མངའ་ཆེ་ཙམ་ཡོད་པའི་ལས་དོན་པ་དང་མཉམ་འབྲེལ་བྱས་ཏེ་འཕྲལ་དུ་ཁང་བདག་སྐར་ཆེ་གེ་མོ་དང་འབྲེལ་བ་བྱས་པ་མ་ཟད། ཕྱོགས་གཉིས་ཀ་ཀརྨ་དགོན་གསར་གྲོང་མི་ཨུ་ཡོན་ལྷན་ཁང་དུ་སྐད་བཏང་སྟེ་འདུམ་འགྲིག་ལས་དོན་སྤེལ་བ་རེད། འདུམ་འགྲིག་བྱེད་རིང་། ཉེན་རྟོག་པས་ཁང་བདག་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་གསལ་བཤད་ཞིབ་ཕྲ་བྱས་ནས་གླ་ཕོགས་འགྱངས་ཆད་ཀྱི་བྱེད་སྤྱོད་དེ་ཀུན་སྤྱོད་དང་འགལ་བ་མ་ཟད། བཅའ་ཁྲིམས་དང་ཡང་འགལ་ལུགས་གསལ་པོར་བཤད་མཐར་ཁང་བདག་གིས་ཆད་དངུལ་ཡོངས་སྤྲད།
གཞི་རིམ་གྱི་འཐབ་ཕྱོགས་སུ་སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པས་རང་ངོས་ཀྱི་འདུམ་འགྲིག་ཉམས་མྱོང་ཕུན་སུམ་ཚོགས་པ་དང་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དོ་བདག་གི་རེ་ཞུ་ངང་རྒྱུད་རིང་པོས་ཉན་པ་དང་། བཅའ་ཁྲིམས་དང་། ཀུན་སྤྱོད། མིའི་ཚུལ་ལུགས་སོགས་ཕྱོགས་མང་པོ་ནས་ཁ་ཏ་བསླབ་བྱ་དང་སྣེ་ཁྲིད་བྱས་ནས། དོ་བདག་ཕྱོགས་གཉིས་ཀྱི་གནས་བབ་བརྗེ་ནས་བསམ་གཞིག་བྱེད་པར་ཁྲིད་སྟོན་གྱིས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་བཙལ་བས། འགལ་བ་དང་རྩོད་གཞི་མང་པོ་དུས་ཐུང་ནང་ཐག་གཅོད་ཡག་པོ་ཐུབ་ཡོད།