《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月26日

གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་མཚོན་གསོན་པོ།

——“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་སྐོར་བཀོད་པ། (སྨད་ཆ)

འདི་ནི་འབྲི་རུ་རྫོང་གི“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་སྲོལ་རྒྱུན་ཞབས་བྲོའི་རྫོང་རིམ་པའི་མཐའ་བསྡུར་བྱ་ཡུལ་ཡིན་པ།

2022ལོར“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་ཚུན་བོད་བྱང་ཐང་དུ་མངོན་འགྱུར་འབྱུང་མི་སྲིད་པའི་བྱ་བ་མང་པོ་ཞིག་རེ་རེ་བཞིན་མངོན་འགྱུར་བྱུང་ཡོད།

ལོ་གསུམ་རིང་། ནག་ཆུ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་སར་བརྟེན་ནས་རིམ་རྩིས་བརྒྱབ་ན་བྱེད་སྒོ་ཐེངས་ཁྲི་6ལྷག་ཙམ་སྤེལ་བ་དང་། བྱེད་སྒོའི་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་912ལྷག་ཙམ་དང་ཞུགས་ཚད་95%ཡན་ཟིན་པ། བྱེད་སྒོའི་གནས་ཚུལ་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་ཚད་དང་། ཁས་ལེན་ཚད། སྤྱི་མོས་ཐོབ་ཚད་བཅས་90.6%ཟིན་ཡོད།

བྱེད་སྒོའི་རིང་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་འགུལ་ངང་ཀྲུང་གོ་གུང་ཁྲན་ཏང་དང་དུས་རབས་གསར་པར་བསྟོད་གླུ་བླངས་པ་དང་། རང་ཉིད་ཉེ་འགྲམ་གྱི་གཏམ་རྒྱུད་ཐུང་ངུ་བརྗོད་ནས་གནས་ལུགས་ཆེན་པོ་མཚོན་ཐབས་བྱས་པ་ལས། ཡར་རྒྱས་བརྩོན་ལེན་བྱེད་པའི་ཚོགས་སྤྱིའི་རྣམ་པ་ཞིག་ཆགས་ཏེ། སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་སེམས་སུ་འཇགས་པ་དང་སྔོན་ཐོན་རིག་གནས་ཀྱི་རྩ་བ་བརྟན་པོར་ཚུགས་ཡོད།

གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་མཁན་མི་གྲངས་ལོ་རེ་བཞིན་མང་དུ་ཕྱིན་ནས་ཡིག་རྨོངས་སེལ་ཚད་100%ཟིན་པ་དང་། མི་རིགས་མང་བ་དང་སྐད་ཡིག་མང་བའི་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བྱུང་བའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཐོན་པ་ལ་སོགས་རེད།

ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཟབ་མོ་བཏོད་པ།

“ཆོས་ལ་དགའ་ཞེན་དགོས་ན་སྔོན་ལ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དགོས”ཞེས་སོག་རྫོང་རྒྱལ་ཆེན་ཤང་ཆོས་འཁོར་དགོན་གྱི་དགེ་འདུན་པ་ངག་དབང་བཤེས་གཉེན་གྱིས་བཤད།

ཆོས་འཁོར་དགོན་གྱི་འགྲེམས་ཁང་དུ་དགེ་འདུན་པས་རྡོ་བརྐོས་ལག་རྩལ་སྤྱད་ནས་བཟོས་པའི་རྒྱལ་རྟགས་དང་རྒྱལ་དར་དང་། སྲོལ་རྒྱུན་གྱི་ལག་རྩལ་སྤྱད་དེ་མར་གྱིས་བཞེངས་པའི“མི་རིགས་56གནམ་བདེ་སྒོ་མོ་ཆེར་དགའ་བས་འཛོམས་པ”སོགས་བརྗོད་དོན་གཙོ་བོར་བྱས་པའི་བརྩམས་ཆོས་སྒྲིག་གཤོམ་བྱས་པ་ལས། དུས་རབས་གསར་པར་དྲིན་ཚོར་མདུན་སྐྱོད་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) འབད་བརྩོན་ལྷོད་མེད། ཞུམ་མེད་འབད་འབུངས་བཅས་བྱེད་པའི་རྣམ་པ་བཟང་པོ་གསོན་ཉམས་དོད་པོས་མཚོན་གྱི་ཡོད།

“བྱེད་སྒོ་སྤེལ་རིང་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ང་ཚོར་སྲོལ་རྒྱུན་གྱི་ལག་རྩལ་ངོམ་སྟོན་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་དང་། ང་ཚོར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་བརྗོད་དོན་གཙོ་བོ་ཟུང་འབྲེལ་དང་མཉམ་འདྲེས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཏེ། ང་ཚོར‘གར་སྟེགས’མཁོ་འདོན་བྱས་པ་མ་ཟད། ད་དུང་གསར་རྩོམ་གྱི་འཆར་སྣང་དེ་བས་མང་བ་སྐྱེ་ཐབས་ཀྱང་བྱས་བྱུང”ཞེས་ངག་དབང་བཤེས་གཉེན་གྱིས་ངོ་སྤྲོད་བྱས།

བྱེད་སྒོ་སྤེལ་རིང་རྒྱ་ཆེའི་མང་ཚོགས་དང་། གཞོན་ནུ་ལོ་ཆུང་གི་སློབ་མ། དགོན་པའི་གྲྭ་བཙུན་བཅས་ཀྱིས་མི་སྣ་གཙོ་བོ་དང་སྔོན་ཐོན་བརྩོན་ལེན་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་དུས་རབས་གསར་པར་རང་འགུལ་ངང་བསྟོད་གླུ་ལེན་པ། ཏང་དར་དང་། རྒྱལ་དར། རྒྱལ་རྟགས། གནམ་བདེ་སྒོ་མོ་ཆེའི་དཔེ་དབྱིབས། གཙོ་འཛིན་གྱི་སྐུ་བརྙན་སོགས་བརྗོད་དོན་གཙོ་བོའི་བརྩམས་ཆོས་ཁྲི་2.99ལྷག་ཙམ་གསར་རྩོམ་བྱས་ཡོད། ལྷག་དོན་དུ། གྲྭ་བཙུན་ཁྲི་གཅིག་ལྷག་ཙམ་གྱིས་རང་འགུལ་ངང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོའི་ནང་ཞུགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འབྲི་བ་དང་གཏམ་བཤད་འགྲན་བསྡུར་སོགས་ལ་ཧུར་ཐག་ཞུགས་པ། དགོན་པའི་མར་ཚོན་རྒྱག་རྩལ་སོགས་གསར་བརྗེའི་རིག་གནས་སུ་བསྒྱུར་བ་བཅས་ཀྱི་ཐོག་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཟོལ་མེད་བརྩེ་སེམས་མཚོན་པར་བྱས་ཡོད།

ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བོད་བྱང་ཐང་གི་བུ་ཕྲུག་ཚང་མའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་ཞིང་། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་འགྲན་བསྡུར་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་རིན་ཆེན་བློ་གྲོས་ཀྱིས་དྲིལ་བསྒྲགས་བྱེད་སྟངས་དང་ནང་དོན་གསར་གཏོད་བྱས་ཏེ། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དེ་འབྲོག་པ་དང་། རྩྭ་ར། གྲོང་ཚོ་སོགས་གཞི་རིམ་དུ་གཏིང་ཟབ་སྤེལ་ཐུབ་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ཨོ་རྒྱན་ནོར་བུས་གསོ་སྦྱོང་དང་དྲིལ་བསྒྲགས་ལ་བརྟེན་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

“འགྱུར་ལྡོག་གླེང་ནས་འཕེལ་རྒྱས་བརྗོད་པ”དང“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཀློག་འདོན་དང་། འབྲི་སྦྱོང་། གཏམ་བཤད་འགྲན་བསྡུར”སོགས་ཀྱི་བྱེད་སྒོ་མི་སྣ་ཡོངས་དང་། དུས་མཚམས་ཡོངས། ས་ཁོངས་ཡོངས་བཅས་ཀྱི་སྒོ་ནས་སྤེལ་བས། མི་ཚང་མ་དྲིལ་བསྒྲགས་བྱེད་མཁན་དང་ཞུགས་མཁན་ལ་གྱུར་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁས་ལེན་མཁན་དང་ལག་ལེན་བསྟར་མཁན་ལ་གྱུར་ཡོད།

དཀའ་སྤྱད་ངལ་རྩོལ་གྱིས་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ།

“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་དེས་ཐབས་ཇུས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་གང་ལེགས་འཕེལ་བར་བྱེད་པ་དེ་ནི་མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཡུན་རིང་དང་རྒྱུན་མཐུད་འཕེལ་བར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ད་ལྟའི་བོད་བྱང་ཐང་དུ“སྐྱིད་ཉལ་རྒྱག་པ་དང་། བལྟས་ནས་སྡོད་པ། ལས་ཀ་བྱེད་མི་འདོད་པ”བཅས་ཀྱི་མང་ཚོགས་ཧ་ལམ་མེད་པ་དང“མཉམ་དུ་ལས་ཀ་བྱེད་པ་དང་། རང་རྟོགས་ངང་ལས་ཀ་བྱེད་པ། གསར་གཏོད་ཀྱིས་ལས་ཀ་བྱེད་པ”བཅས་ཀྱི་མང་ཚོགས་གང་ས་ནས་མཐོང་རྒྱུ་ཡོད།

གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ནས་ཡིན་པའི་བཀྲ་ཤིས་ཆོས་འཕེལ་ལ་བོད་ཟས་ལག་རྩལ་འགྲན་བསྡུར་ཞིག་ནང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྗེས། གསེར་རྙེད་ཆུས་ཀྱི་འབྲེལ་ཡོད་ཚན་པའི་རྒྱབ་སྐྱོར་འོག་ཀུང་སི་ཞིག་གི་མ་བྱན་དུ་གདན་དྲངས། དེའི་རིང་བཀྲ་ཤིས་ཆོས་འཕེལ་གྱིས་རྒྱ་ཟས་གཡོས་སྦྱོར་བའི(མཐོ་རིམ)ལས་རིགས་ཐོབ་ཐང་ལག་ཁྱེར་བདེ་བླག་ངང་བླངས་ཡོད།

ད་ཆ་བཀྲ་ཤིས་ཆོས་འཕེལ་གྱིས་གསོ་སྦྱོང་སློབ་གྲྭ་མང་པོ་དང་མཉམ་ལས་བྱས་ཏེ། བོད་ཟས་མ་བྱན་ལག་རྩལ་གསོ་སྦྱོང་དགེ་རྒན་གྱི་ཐོབ་ཐང་ཐོག་ནས་སློབ་མར་ལག་རྩལ་བསླབས་པ་དང་། སྔ་རྗེས་སུ་གསོ་སྦྱོང་འཛིན་གྲྭ་ཐེངས་13གཉེར་ནས་མི་700ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།

འབྲི་རུ་རྫོང་རྩ་ལ་ཤང་ནས་ཡིན་པའི་བུ་དགས་ཆུང་དུས་ནས་ཕ་མེས་ཚོའི་ས་ནས་ཚེམ་བཟོ་སྦྱངས་པས་བོད་ཆས་ཡག་པོ་ཞིག་བཟོ་ཐུབ་ཀྱི་ཡོད། 2007ལོར་བུ་དགས་ནག་ཆུ་གྲོང་ཁྱེར་དུ་ཚོང་ཁང་ཞིག་བཙལ་ནས་རང་ཉིད་ཀྱིས་བཟོས་པའི་བོད་ཆས་འཚོང་འགོ་ཚུགས། འོན་ཀྱང་ཚོང་ཡག་པོ་མེད་རྐྱེན་2022ལོར་ཧ་ལམ་ཚོང་ཁང་རྐུབ་རྡིབ་གྲབས་བྱས། ཏག་ཏག་ལོ་དེར“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྤེལ་བ་དང་སྐབས་འཁེལ་བས། བུ་དགས་ཚེམ་བཟོའི་ལག་རྩལ་འགྲན་བསྡུར་ནང་ཞུགས་པ་དང་འབྲེལ་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་ཨང་གཉིས་པ་བླངས་ཡོད།

ད་ཆ་བུ་དགས་བོད་ཆས་ཚོང་ཁང་བཞི་བཙུགས་ཡོད་པ་དང་། ན་ནིང་ཚོང་ཁང་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་213ཟིན་པ་མ་ཟད་མང་ཚོགས་8ལས་ཀར་བཅུག་ཡོད། 2022ལོ་ནས་བཟུང་ཁོང་གིས་དགེ་ཕྲུག་ཁྱོན་བསྡོམས་17བསྡུས་ཏེ། ཁོ་ཚོར་ལག་རྩལ་སློབ་པ་དང་ཆབས་ཅིག་ད་དུང་མི་རེར་ཟླ་ཕོགས་སྒོར་4000སྤྲོད་ཀྱི་ཡོད།

ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བར་ནུས་པ་སྦྱིན་པ།

གསེར་རྙེད་ཆུས་ཤོ་མོང་ཤང་མདོང་ཕུག་གྲོང་ཚོའི་གྲོང་མི་དབང་དགེ་ལེགས་ལ་རླངས་འཁོར་ཉམས་བཟོའི་འགྲན་བསྡུར་ནང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྗེས། སྔར་ལས་ལྷག་པའི་སྒོ་ནས་རླངས་འཁོར་ཉམས་བཟོའི་ཆེད་ལས་ཤེས་བྱ་ཧུར་ཐག་སྦྱངས་ཏེ་རང་ཉིད་ཀྱི་ཆེད་ལས་རྩལ་ནུས་ཆེ་རུ་བཏང་བ་མ་ཟད། ལས་གཏོད་བྱ་རྒྱུའི་སེམས་ཐག་ཀྱང་བཅད། 2023ལོར་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག དབང་དགེ་ལེགས་ཀྱིས་ནག་ཆུ་གྲོང་ཁྱེར་གཙང་འགྲམ་ལམ་གྱི་ཧྲེང་ཐུང་མྱུར་བཟོ་ཁྲོམ་ར་ནས་ཚོང་ཁང་ཞིག་གླས་ཏེ་རང་ཉིད་ལ་དབང་བའི་ཉམས་བཟོ་ཁང་ཞིག་བཙུགས་ཡོད། ད་ཆ་ཉམས་བཟོ་ཁང་དེར་ཚོང་ཧ་ཅང་ཡག་པོ་ཡོད་པས། མདུན་སྐྱོད་ཀྱི་བྱེད་སྒོ་མ་སྤེལ་གོང་གི“ཉིན་མ་གང་འཁྱོལ”བྱེད་པའི་འཚོ་བ་དང་བསྡུར་ན་ད་ཆ་ཁོང་ལའང་རང་ཉིད་ལ་དབང་བའི“ལྕགས་ཕོར”ཞིག་རག་ཡོད།

ལོ་གསུམ་རིང་མདུན་སྐྱོད་བྱེད་སྒོ་དེས་ཕུལ་བྱུང་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་93ལ་བསྒྱུར་ནས་མང་ཚོགས་2538ལས་ཞུགས་ལས་གཏོད་བྱེད་པར་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2452ཡོང་བར་སྐུལ་འདེད་བཏང་བས། གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་ཨང་དང་པོ་ཐོབ་མཁན་དབང་དགེ་ལེགས་དང་། ཀླུ་གཡང་། བསོད་ནམས་ཉི་མ་སོགས་བྱ་དགའ་ཐོབ་པའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་འཕར་ཡོད།

མདུན་སྐྱོད་བྱེད་སྒོའི་གྲུབ་འབྲས་གཞན་སྒྱུར་གྱི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ཆེད། སྦྲ་ཆེན་རྫོང་གིས་སྔ་རྗེས་སུ་བསླས་འཐག་དང་། ཀོ་ཆས། རི་མོ། སྦག་སྦག་ཉམས་བཟོ། མ་བྱན་སོགས་ཀྱི་ཆེད་ལས་རྩལ་ནུས་ཤེས་ལྡན་པ་200ལྷག་ཙམ་སྔོག་འདོན་བྱས་ཏེ། ཕྱོགས་གཅིག་ནས་ཁོ་ཚོ་རྩལ་ནུས་ཤེས་ལྡན་པའི་མཛོད་ནང་བཅུག་ནས་རིམ་པ་ཁག་གི་རྩལ་ནུས་ལས་མི་བསྡུ་བའི་བྱེད་སྒོར་སྔོན་ལ་འོས་སྦྱོར་གྱིས་ཁོ་ཚོའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་རྫོང་ཁོངས་སུ་རྩལ་ནུས་གསོ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་དེ་བས་མང་བར་རྩལ་ནུས་ཁོང་དུ་ཆུད་པར་སྐུལ་ཁྲིད་དང་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་ཡོད།

ལོ་གསུམ་རིང་། མདུན་སྐྱོད་བྱེད་སྒོར་གྲོང་གསེབ་ཀྱི་ཤེས་ལྡན་པ་སྣ་ཚོགས་ཁྲི་6.4སྔོག་འདོན་བྱས་པ་དང་མང་ཚོགས་ཁྲི་6.8ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ། ཤེས་ལྡན་པ་ཚོར་ཞིང་འབྲོག་ཁུལ་གྱི་ཡངས་པའི་ས་གཞིར་རང་ཉིད་ཀྱི་འཇོན་ཐང་ཧུར་ཐག་ངོམས་སུ་བཅུག་ནས་ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་བར་ཤེས་ལྡན་པའི་རྨང་གཞི་ཟབ་མོ་བཏིངས་ཡོད།

ད་ལོ་ལོ་40ལ་སླེབས་པའི་དཔལ་ལྡན་ནི་སྦྲ་ཆེན་རྫོང་བྱ་མང་ཤང་ཚ་ཆུ་གསུམ་མདོ་གྲོང་ཚོར་སྡོད་ཀྱི་ཡོད། ཁོང་གིས་ཆུང་དུས་ནས་ཐང་ཁ་བཞེངས་ཏེ་ད་བར་ལོ་27འགྲོ་གི་ཡོད། “དམངས་ཕན་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ང་རང་ལ་གྲོང་གསེབ་དར་རྒྱས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་120ལྷག་ཙམ་རག་བྱུང་། བྱས་ཙང་ངས‘མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐང་ག་བཞེངས་པའི’རྟེན་གཞི་བཙུགས་པ་ཡིན། ངས་སྟེགས་བུ་དེ་བརྒྱུད་གཞོན་ནུ་དེ་བས་མང་བར་ཐང་ག་བཞེངས་སྟངས་བསླབས་ནས་ཁོ་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པ་དང་ཆབས་ཅིག ཐང་གའི་ལག་ཤེས་རྒྱུན་འཛིན་དང་དར་སྤེལ་ཡང་གཏོང་བཞིན་ཡོད། མིག་སྔར་རྟེན་གཞིར་ལས་མི་80ལྷག་ཙམ་བསྡུས་པར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང”ཞེས་དཔལ་ལྡན་གྱིས་ངོ་སྤྲོད་བྱས།

ལོ་གསུམ་རིང་། མདུན་སྐྱོད་བྱེད་སྒོས་ཧོར་སྒོ་རྩེ་གྲུ་བཞི་དང་། སོག་རྫོང་གི་རྡོ་བརྐོས། སྦྲ་ཆེན་གྱི་ཀོ་ཆས་སོགས་ཁྱད་ལྡན་རིག་གནས་ཐོན་ཁུངས་ཁག་465སྔོག་འདོན་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཡོང་འབབ་སྒོར་ཁྲི་402ཟིན་ཡོད། རིམ་རྩིས་བརྒྱབ་ན། རིག་རྩལ་རིག་གནས་བྱེད་སྒོ་ཐེངས་ཁྲི་2.9སྤེལ་བས་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

སྔོག་འདྲུ་འཕྲུལ་འཁོར་གཏོང་བར་མཁས་པའི་བསམ་འཕེལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་པན་ཐང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་ཤིང་། ཁོང་གིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོས་མི་དམངས་ལ་ཞབས་འདེགས་ཞུས་ཡོད། འབྲོག་ལས་ཀྱི་གྲོང་རྡལ་ཆེན་པོ་ཞིག་ཡིན་པའི་ཤག་ཆུ་གྲོང་རྡལ་གྱི་གྲོང་ཚོ་ཁག་གཅིག་ལ་ཕྱུག་འགྱུར་འཇོན་ཐང་ཅན་ཁ་ཐང་བ་དང་། ཡང་ཕྱུག་འགྱུར་འཇོན་ཐང་ཅན་ཡོད་པའི་གྲོང་ཚོར་ཐོན་ཁུངས་དཀོན་པས་ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བྱེད་དགོས་ཀྱི་ཡོད། ད་ཆ་ཤག་ཆུ་གྲོང་རྡལ་གྱིས་མདུན་སྐྱོད་བྱེད་སྒོའི་འགྲན་བསྡུར་སྣ་ཚོགས་ལས་ཐོན་པའི་ཕུལ་བྱུང་ཤེས་ལྡན་པ་དག་ཕྱོགས་བསྡུས་བཅོས་སྐྱོང་དང་འབབ་འཕར་ཕྱུག་འགྱུར་གྱི་རྐང་འཛིན་སྟོབས་ཤུགས་སུ་ཧུར་ཐག་སྒྱུར་བཞིན་ཡོད།

ལོ་གསུམ་རིང་ཏང་འཛུགས་སྐྱོང་ལ་བརྟེན་ནས་མདུན་སྐྱོད་བྱེད་སྒོར་སྣེ་ཁྲིད་བྱས་ཏེ། ཏང་ཡོན་ལས་བྱེད་པ་ཁྲི་2.4དང་དང་བླངས་པ་ཁྲི་10དེའི་ནང་ཞུགས་པར་སྐུལ་སློང་བྱས་པ་དང་། རིམ་རྩིས་བརྒྱབ་ན། དང་བླངས་ཞབས་ཞུའི་རུ་ཁག་5470བཙུགས་ནས་མང་ཚོགས་མི་ཐེངས་ཁྲི་220ལྷག་ཙམ་ལ་ཞབས་འདེགས་ཞུས་པ། ཕུལ་བྱུང་ལས་བྱེད་པ་417འོས་སྦྱོར་དང་གནས་སྤོར་བེད་སྤྱོད་བྱས་པ། མང་ཚོགས་ཏང་ཡོན་3347འཕེལ་རྒྱས་བཏང་བ། ཤང་སྲོལ་དམངས་ཆིངས་དང་། གྲོང་སྲོལ་དམངས་ཆིངས། དགོན་སྲོལ་བཙུན་ཆིངས་བཅས་ཀྱི་དོན་ཚན་1865ཙམ་ལ་བཟོ་བཅོས་བརྒྱབ་ནས་ཞིང་འབྲོག་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་ཡོད།

ལོ་གསུམ་རིང་། མདུན་སྐྱོད་བྱེད་སྒོས་རིམ་རྩིས་བརྒྱབ་ན། སྐྱེ་ཁམས་སྲུང་སྐྱོང་བྱེད་སྒོ་ཐེངས་ཁྲི་1.9སྤེལ་བ་དང་དུས་རབས་གསར་པའི་དང་བླངས་ཞབས་འདེགས་ཐེངས་4260ལྷག་ཙམ་ཞུས་ཏེ། བྱང་རྩྭ་ཐང་དེ་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་ཧུར་ཐག་བསྐྲུན་པར་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱས་པ།

མདུན་སྐྱོད་བྱེད་སྒོ་སྤེལ་བ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

ཆབ་སྲིད་ཀྱི་མོས་སེམས་འབུར་དུ་ཐོན་པར་བྱས་ནས་བཅོས་སྐྱོང་གི་གོང་བུ་སྒྲིལ་ཤུགས་ཆེ་རུ་བཏང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་གཏན་གྱི་འགྲན་བསྡུར་ཁྲོད་མཉམ་འདྲེས་ཐུབ་པ་དང་། བསམ་བློའི་སྣེ་ཁྲིད་གཟེངས་བསྟོད་བྱ་དགའི་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཡོད།

ཏང་གི་འགོ་ཁྲིད་འབུར་དུ་ཐོན་པར་བྱས་ནས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཞིང་། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་། རྩལ་ནུས་གསོ་སྦྱོང་། རིག་གནས་སྔོག་འདོན། ཐོན་ལས་འཕེལ་རྒྱས། གྲུབ་འབྲས་གཞན་སྒྱུར། རྩ་འཛུགས་འཛུགས་སྐྱོང་། གྲོང་སྲོལ་དམངས་ཆིངས་སོགས་མཉམ་འདུས་གང་ལེགས་ཡོང་བར་བྱས་ཡོད།

ཐོན་ལས་འཕེལ་རྒྱས་འབུར་དུ་ཐོན་པར་བྱས་ནས་བཅོས་སྐྱོང་གི་སྟོབས་ཤུགས་དངོས་ཆེ་རུ་བཏང་ཞིང་། རིམ་པ་བཞིའི་འགྲན་བསྡུར་བརྒྱུད་རྩལ་ནུས་ཤེས་ལྡན་པ་སྔོག་འདོན་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་། རིག་གནས་ལྡན་པ། ལག་རྩལ་ཤེས་པ། གཉེར་སྐྱོང་ཤེས་པ་བཅས་ཀྱི་ཞིང་འབྲོག་པའི་ཤེས་ལྡན་པ་གསར་པ་ཁག་གཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཡོད།

རིག་གནས་དར་རྒྱས་འབུར་དུ་ཐོན་པར་བྱས་ནས་བཅོས་སྐྱོང་གི་འཇམ་ཤུགས་ཆེ་རུ་བཏང་ཞིང་། མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་གཏིང་ཟབ་དང་། མི་རིགས་ཁག་གི་མང་ཚོགས་མི་སྒེར་གྱི་རྩལ་ནུས་སྐུལ་སློང་ཧུར་ཐག མདུན་སྐྱོད་བྱེད་སྒོའི་སྤུས་རྟགས་ཐོན་རྫས་གསར་སྤེལ་ཧུར་ཐག་བཅས་བྱས་ཡོད།

ལམ་སྲོལ་གསར་གཏོད་འབུར་དུ་ཐོན་པར་བྱས་ནས་བཅོས་སྐྱོང་བྱེད་ནུས་ཆེ་རུ་བཏང་ཞིང་། མདུན་སྐྱོད་བྱེད་སྒོ་བརྒྱུད་ལས་བྱེད་པས་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་གྲོས་བསྡུར་བྱེད་པ། མཉམ་དུ་ལས་དོན་སྒྲུབ་པ། མཉམ་དུ་སྤྲོ་སྣང་འཕེལ་བ་བཅས་བྱས་ཏེ། གཞི་རིམ་ལས་བྱེད་པས་བྱེད་སྒོའི་ལག་ལེན་ཁྲོད་མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་ནུས་ལྡན་བཏང་ཡོད།

མང་ཚོགས་ཀྱི་བྱེད་པོ་འབུར་དུ་ཐོན་པར་བྱས་ནས་བཅོས་སྐྱོང་གི་སྒུལ་ནུས་ཆེ་རུ་བཏང་ཞིང་། མདུན་སྐྱོད་བྱེད་སྒོའི་ནང“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ནས། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་བསྐྱོད་དེ་མང་ཚོགས་ཀྱི་བདག་པོའི་སྟོབས་ཤུགས་འདོན་སྤེལ་བྱས་ཡོད།

ནག་ཆུའི་མི་དམངས་ལ་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་དང་། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བློ་སྟོབས། ཐུན་མོང་འབད་འཐབ་བྱེད་པའི་མཐུན་སྒྲིལ་གྱི་སྙིང་སྟོབས། དྲིན་ཚོར་མདུན་སྐྱོད་ཀྱི་དར་སྲོལ་བཟང་པོ་བཅས་ལྡན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནག་ཆུས་དཀའ་སྤྱད་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ། བོད་བྱང་ཐང་དུ་མི་སེམས་འགུལ་བའི་ལེའུ་གསར་པ་བརྩམས་དང་རྩོམ་བཞིན་ཡོད།

(སྐལ་མཆོག་དང་རིག་རྡོར་གྱིས་བསྒྱུར། སྤེན་ཚེས་ཞུས)