《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月23日

༄༅། །ཁ་བའི་ལྗོངས་སུ་ཁ་བའི་མཆོད་པ་བཤམས།

ལྕང་བུ་ཆུང་།

གངས་དཀར་པོས་ལྷབ་ལྷུབ་གོམ་སྟབས་བསྒྱུར། །

ས་དོག་མོ་དངུལ་དཀར་ཞིང་དུ་བཅོས། །

དཔྱིད་དྲོད་རླུང་འཛོམས་པའི་ཞིང་ས་ལ། །

བརླན་གཤེར་ཁུ་འཇོ་བ་ཨེ་མ་མཚར། །

དགུན་ཁ་བ་འབབ་པའི་དུས་ཚིགས་སུ། །

ཀུན་མ་གྲོས་གཅིག་ཏུ་འདོད་ན་ཡང་། །

དེང་དཔྱིད་ཀྱི་བུ་མོའི་མཛེས་པ་འདིས། །

གངས་གཞོན་ནུའི་སེམས་པ་བསླུས་ནས་འདུག །

སྨན་བུ་མོའི་བྱད་བཞིན་དཀར་རོ་ཞེས། །

སྐྱེས་ན་གཞོན་ཐུགས་ཡིད་མ་ཕྲོགས་ཤིག །

གངས་དཀར་པོའི་མ་བཅོས་དཀར་མདངས་འདིར། །

ཚོན་དཀར་པོས་འགྲན་ཟླར་ནུས་མ་ཡིན། །

ཤིང་རྒྱ་ལྕང་ཡལ་ག་ཁ་བས་གཡོགས། །

ལྗིད་མ་བཟོད་རྩེ་མོ་དུད་པ་འདི། །

དཀར་མུ་ཏིག་ཕྲེང་བའི་འཕྱང་འཕྲུལ་ཉིད། །

གང་དེ་ལ་བསྒྲོན་པའི་མགུལ་རྒྱན་འདྲ། །

ཕྱི་ཁ་བས་བཏུམས་པའི་ཁོར་ཡུག་མཛེས། །

ནང་དྲན་འཆར་མོད་པའི་སེམས་ཆུང་དྲོ། །

ཆུང་བྱིས་པའི་གངས་ཁྲོད་རོལ་རྩེད་ལས། །

རྒན་དབུ་དཀར་བྱིས་དུས་ནམ་ཟླ་དྲན། །

ཕྱི་འཇིག་རྟེན་མི་རྟག་རང་བཞིན་ལགས། །

གཡོ་སེམས་ཅན་རྣམ་རྟོག་ཟ་ཟི་མང་། །

གངས་དཀར་པོ་ཉི་མས་བཞུར་ཤུལ་དུ། །

ཡིད་བྱེ་ཐང་རྟོག་པའི་ཆུ་ཡིས་བྲན། །

གངས་དཀར་པོ་ནམ་མཁའི་དབྱིངས་ནས་བབས། །

ལྡེམ་གོམ་འགྲོས་བར་སྣང་ཁམས་སུ་བསྒྱུར། །

ཡངས་ས་གཞིའི་ཁྱོན་དུ་ལྷན་ཅིག་འདུས། །

སླར་འབྱུང་བར་བརྫུས་ནས་འབྱུང་བར་ཐིམ། །