འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་12པའི་ཟླ་མཇུག་བར། མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བཅས་ཚོད་ལྟའི་རྫོང(ཆུས)7གྱི་གྲོང་ཁུལ་དུ་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་24.85བཏང་ཞིང་། མིག་སྔར་ཚོད་ལྟའི་ཁུལ་5ལ་དྲོད་ཚོད་གཏོང་བྱེད་འགོ་ཚུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་དྲོད་གཏོང་ཚོད་ལྟའི་རྣམ་གྲངས་7ལ་གོང་ཁེ་བ་དང་བློས་འགེལ་ཆོག་པའི་ལག་རྩལ་སྤྱོད་ཐུབ་པའི་འགན་ལེན་བྱ་ཆེད། 2024ལོའི་ཟླ་བ་དང་པོར། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཚོད་ལྟའི་རྣམ་གྲངས་ལག་བསྟར་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ། ཚོད་ལྟའི་རྫོང(ཆུས)7གྱི་ནུས་རྒྱུ་གཙང་མའི་དྲོད་གཏོང་རྣམ་གྲངས་ཀྱི་ལག་རྩལ་ཇུས་གཞི་འཚོལ་བསྡུའི་སྤྱི་བསྒྲགས་སྤེལ་བར། ཁེ་ལས་30ལྷག་ཙམ་གྱིས་ལག་རྩལ་ཇུས་གཞི་དཔྱད་འདེམས་ལས་དོན་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། དེ་དང་ཆབས་ཅིག་2024ལོའི་ཟླ་1ཚེས་26ཉིན་ནས་ཟླ་2ཚེས་1ཉིན་བར། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་སྐྱོང་ལྗོངས་གྲོང་ཁྱེར་དོ་དམ་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་དྲོད་གཏོང་དང་དཔལ་འབྱོར་ཐད་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། རྣམ་གྲངས་གནས་ཡུལ་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལག་རྩལ་ལམ་ཕྱོགས་ཁག་གི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བླང་བྱ་གཞིར་བཟུང་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་ལས་འགན་དང་ཟུང་འབྲེལ་བྱས་ནས་ལག་རྩལ་ཇུས་གཞིར་དཔྱད་ཞིབ་བྱས་པ་རེད། རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་བརྒྱུད་ཉི་ནུས་འོད་དྲོད་དང་། ས་འོག་ཚ་ནུས། མཁའ་རླུང་ཚ་ཕུམ་སོགས་ཚོད་ལྟའི་རྫོང(ཆུས)7ལ་འཚམ་པའི་ལག་རྩལ་ལམ་ཕྱོགས་སྣ་ཚོགས་གཏན་འཁེལ་བྱས་ནས། གསར་དུ་བསྐྲུན་པའི་གྲོང་ཁུལ་གྱི་དྲོད་གཏོང་རྣམ་གྲངས་ཚང་མར་ནུས་རྒྱུ་གཙང་མ་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད། གཞན་ཡང་། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་དམིགས་བསལ་ཆོག་འཐུས་ཀྱི་ཚོང་གཉེར་བྱེད་སྟངས་ལ་ཞིབ་འཇུག་ཧུར་ཐག་བྱས་ཏེ། ཚོད་ལྟའི་རྫོང(ཆུས)7གྱི་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་རྣམ་གྲངས་ལ་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱས་ཡོད། རྣམ་གྲངས་7ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་37.75བཏང་བ་དང་། གསར་སྐྲུན་སྒྱུར་བཀོད་བྱས་པའི་དྲོད་གཏོང་གི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་622.41ཟིན་པ། བསྐྲུན་རྗེས་ལས་བྱེད་པ་དང་མང་ཚོགས་ཁྲི་20ལ་ཕན་པ་ཐོབ་རྒྱུ་རེད།
རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ས་གནས་སྲིད་གཞུང་གིས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་ཆེ་བ་དང་། ཁེ་ལས་སྣ་ཚོགས་ཚོད་ལྟའི་ལས་དོན་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་བ། རིམ་ཁག་དངུལ་རྩའི་སྒྲིག་གཞིས་ཚོད་ལྟའི་ལས་ཀར་རྒྱབ་སྐྱོར་བྱེད་པའི་ཧུར་བརྩོན་རང་བཞིན་ཆེ་བ། དེ་བཞིན་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཀྱང་མངོན་གསལ་དོད་པའི་ཁྱད་ཆོས་མངོན་ཡོད། དེ་ཙམ་མ་ཟད། ད་ཐེངས་ཀྱི་ཚོད་ལྟའི་སྒྱུར་བཀོད་རྣམ་གྲངས་ཀྱི་དྲོད་གཏོང་རིན་གོང་མངོན་གསལ་དོད་པོས་ཆག་ཅིང་། རྡོ་སོལ་ཁྲོ་ཐབ་དང་སྐྱེ་དངོས་འབུད་རྫས་ཁྲོ་ཐབ་སྒྱུར་བཀོད་བྱས་པ་དེས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)