ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ལྷོ་ནུབ་ཕྱོགས་སུ་རྫ་ཡུལ་རོང་སྟོད་ཟེར་བའི་མཐའ་མཚམས་གྲོང་རྡལ་ཆུང་ངུ་ཞིག་ཡོད། དེ་གར་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། དམངས་སྲོལ་བབ་ཆགས་པ་བཅས་ཡོད་པས་སྡོད་མལ་ལ་འཚམ་པའི་ས་ཆ་ཞིག་རེད། དེ་སྔ་རྫ་ཡུལ་རོང་སྟོད་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་གི་འགན་འཁུར་མྱོང་བའི་ཁྲང་ཞའོ་ཆིང་གི་ངོས་ནས་བརྗོད་ན། དེ་ནི་ཁོང་གི“ཁྱིམ”ཡིན་པ་དང་། དེ་གའི་མི་རིགས་ཁག་གི་མང་ཚོགས་ནི་ཁོང་གི“ནང་མི”ཡིན་པ་རེད།
རྫ་ཡུལ་རོང་སྟོད་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་གི་འགན་འཁུར་ཚུན། ཁྲང་ཞའོ་ཆིང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་བསྲུངས་ནས་ཉིན་རེ་བཞིན་ལས་དོན་ཧུར་ཐག་སྒྲུབ་པར་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད། ཁྲང་ཞའོ་ཆིང་གིས“ངས་མི་སེར་གྱི་ཆེད་དུ་དངོས་དངོས་རྗེན་རྗེན་གྱི་བྱ་བ་སྒྲུབ་འདོད་ཡོད”ཅེས་བཤད།
ཁོང་གི་སེམས་སུ་དུས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་བཅངས་ཡོད།
“ང་ཚོའི་གྲོང་ཚོའི་ས་ཞིང་ནི་ཕ་ཚ་བུ་རྒྱུད་ནས་འཚོ་གནས་ཀྱི་རྟེན་ས་ཡིན་པས། བརྒྱུད་བཤུག་གཏོང་མི་སྲིད”“ང་ཚོ་མོས་མཐུན་མེད། ས་ཞིང་མེད་ན་ཡོང་འབབ་མེད”
2022ལོའི་ཉིན་ཞིག་ལ་རྫ་ཡུལ་རོང་སྟོད་གྲོང་རྡལ་སོག་བརླིང་གྲོང་ཚོའི་རིག་གནས་བྱེད་སྒོའི་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། རྫ་ཡུལ་རྫོང་གིས་རྫ་ཡུལ་རོང་སྟོད་གྲོང་རྡལ་སོག་བརླིང་གྲོང་ཚོ་རུ་གནས་སྤོས་གྲོང་ཚོ་གསར་པ་སྟེ་གཡུ་སྙིང་གྲོང་ཚོ་བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་བཏིང་ཡོད་མོད། འོན་ཀྱང་སོག་བརླིང་གྲོང་ཚོའི་མང་ཚོགས་ཀྱིས་རང་ངོས་ཀྱི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་པར་ངོས་འཛིན་བྱས་པས། ས་ཆ་བསྡུ་ལེན་གྱི་ལས་དོན་སྐབས་ཤིག་རིང་མཚམས་འཇོག་བྱེད་དགོས་བྱུང་།
ཁྲང་ཞའོ་ཆིང་གིས་ཏང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་ཅིག་ཡིན་པ་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་གྲོང་རྡལ་ཏང་ཨུད་ཚན་ཁག་གི་སྣེ་ཁྲིད་དེ་སྔོན་ལ་གྲོང་ཚོ“ཨུ་ལྷན་གཉིས”དང་ཏང་ཡོན་གྱི་བསམ་བློའི་ལས་དོན་བསྒྲུབས་ཏེ་ཚང་མས་དད་སེམས་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པར་ཁྲིད་སྟོན་བྱེད་པ་དང་། དེ་ནས་ཏང་ཡོན་གྱི་ཤུགས་རྐྱེན་ལ་བརྟེན་ནས་མང་ཚོགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག བཅར་འདྲི་དང་བརྟག་དཔྱད་བྱས་ཏེ་ཁྱིམ་ཚང་ཚང་མར་བསྐྱོད་ནས་ཚང་མའི་བསམ་ཚུལ་དང་སེམས་ཁྲལ་ཤེས་རྟོགས་བྱས་པ་རེད།
སྐབས་དེའི་རིང་ཁོང་གིས་ཁུལ་ཁོངས་དང་གྲོང་ཚོ་འགན་གཙང་ལེན་པའི་ལས་བྱེད་པའི་སྣེ་ཁྲིད་དེ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་ཁྱིམ་ཚང་དུ་འཚམས་འདྲིར་སྐྱོད་པ་དང་མང་ཚོགས་དང་འབྲེལ་གཏུག་བྱས་ནས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་དང་། བསམ་འཆར་ཉན་པ། རེ་བ་དང་དཀའ་གནད་ཤེས་རྟོགས་བཅས་བྱས་པ་རེད།
ལག་ཏུ་འཁྱེར་པའི་ཟིན་བྲིས་དེབ་ནང་ཟིན་བྲིས་མང་པོ་བཀོད་ཡོད་པ་སྟེ། ཡེ་ཅན་ཁྱིམ་གྱི་བསོད་ནམས་རྒྱལ་མཚན་སློབ་ཆེན་ཐོན་ཀྱང་ད་དུང་ལས་ཀ་རག་མེད་ལ་ལས་ཞུགས་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་ཡང་ཤེས་རྟོགས་མི་ཐུབ་པ་དང་། བདེ་སྐྱིད་ཀྱི་གཟུགས་གཞི་ཐང་པོ་མེད་པ་དང་བུ་ཕྲུག་ཚང་མ་ཕྱིར་ལས་ཀར་བསྐྱོད་པས་འཚོ་བར་དཀའ་ངལ་ཡོད་པ། ཡེ་ཤེས་དབང་མོའི་ཁྱིམ་གྱི་འཚོ་བ་ས་ཞིང་མུའུ་6ཁོ་ནར་བརྟེན་དགོས་པས་ས་ཞིང་བརྒྱུད་བཤུག་བྱས་ན་འཚོ་བ་ཇི་ལྟར་སྐྱེལ་དགོས་སམ་ལ་སོགས།
ཁྲང་ཞའོ་ཆིང་གི་ཟིན་བྲིས་དེབ་ཐོག་ཐོ་འགོད་བྱས་པའི་མང་ཚོགས་ཀྱི་དཀའ་ངལ་དག་ཁོང་གིས་རང་སར་ཐག་གཅོད་བྱེད་ཐུབ་ན་དེ་མུར་ཐག་གཅོད་བྱེད་པ་དང་། དེ་མུར་ཐག་གཅོད་མི་ཐུབ་པ་དག་གྲོང་རྡལ་དུ་ལོག་ནས་ཚོགས་འདུ་འཚོགས་ཏེ་ཐག་གཅོད་བྱེད་ཐབས་ཞིབ་འཇུག་བྱེད་ཀྱི་ཡོད། ཁྲང་ཞའོ་ཆིང་དང་ཚང་མའི་ཐུན་མོང་འབད་བརྩོན་འོག མང་ཚོགས་ཀྱིས་མཐར་ས་ཞིང་བརྒྱུད་བཤུག་བྱེད་པར་མོས་མཐུན་བྱས། གནས་སྤོས་མང་ཚོགས་སྤོས་རྗེས། ཁོང་གིས་ད་དུང་སོག་བརླིང་གྲོང་ཚོའི་ཏང་ཀྲི་པུའུ་སྒྲིག་འཛུགས་བྱས་ནས་གནས་སྤོས་མང་ཚོགས་ལ་བུད་སོལ་བསྡུ་ལེན་དང་ས་ཞིང་གསར་སྦོལ་བྱེད་རོགས་བྱས་ཏེ་ཀྲི་པུའུ་ཡིས་ཁྲིད་སྟོན་དང་། ཏང་ཡོན་གྱིས་སྣེ་ཁྲིད། མང་ཚོགས་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད།
ད་ཆ་མཐོ་ས་ནས་རྒྱང་ལྟ་བྱས་ཚེ་གཡུ་སྙིང་གྲོང་ཚོའི་དུད་ཚང་76གི་མང་ཚོགས་421ཡི་འཚོ་བ་གསར་རྐྱང་དུ་གྱུར་ཡོད་པ་དང་། ཚང་མ་འཆམ་མཐུན་མཉམ་གནས་དང་ཕན་ཚུན་རོགས་རམ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་བཞིན་ཡོད།
“ད་ཆ་ང་མ་གཞི་ལས་གནས་གསར་པར་བཏང་རུང་། ངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ནམ་ཡང་འགྱུར་མི་སྲིད། ངས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ལ་བཞག་སྟེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་བསྒྲུབས་ཏེ། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་གཏོང་ཐུབ་པར་བྱེད་ཀྱི་ཡིན”ཞེས་ཁྲང་ཞའོ་ཆིང་གིས་བློ་བརྟན་འགྱུར་མེད་ངང་བཤད།
(པ་ཕན་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)