“ཕུར་བུ། ལུག་ཤོར་འདུག མགྱོགས་པོ་ཕྱིན་ནས་འཛིན་པར་རྒྱུགས་དང” སྣང་ཚུལ་དེར་བསམ་ཚོད་བྱེད་སྐབས་ཁྱེད་ལ་ཆོབ་ཚ་བའི་སྣང་བ་ཞིག་བྱུང་ངམ།
འདི་ནི་བརྙན་ལམ་བརྩམས་ཆོས《ཕུར་བུའི་ཉིན་ཐོའི》ནང་གི་པར་གཞི་ཞིག་རེད། བརྙན་ལམ་དེར་ཆོབ་ཚ་བའི་རྣམ་པའི་ཐོག་ནས་རི་གསུམ་མཐའ་མཚམས་མངགས་གཏོང་ཁང་ལྕགས་སྒང་གྲོང་ཚོའི་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་ཕུར་བུ་དོན་གྲུབ་ཀྱི་བྲེལ་འཚུབ་ཆེ་བའི་ཉིན་གཅིག་གི་སྐོར་བཀོད་པས། རྒྱ་ཆེའི་གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
《ཕུར་བུའི་ཉིན་ཐོ》ནི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་བཏོན་པའི་བརྙན་ལམ་ཞིག་ཡིན་ཞིང་། ཟླ་1ཚེས་22ཉིན་ཉིང་ལག་རུ་ཁག་གི་བརྙན་ལམ་ཨང་རྟགས་དང་ཁྱུག་དབྱིངས་ཨང་རྟགས་སུ་དུས་གཅིག་ཏུ་བསྟན་པ་རེད། བརྩམས་ཆོས་དེའི་རྩོམ་པ་པོའི་གྲས་ཤིག་ཡིན་པའི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པ་ལུང་ཞའོ་ཧྥེང་གིས་ཇུས་འགོད་དང་བརྙན་ལམ་པར་ལེན་གྱི་འགན་གཙོ་བོ་ཁུར་ཡོད། ཁོང་དང་བོད་ཀྱི་ས་གནས་ཁག་ཏུ་བཅའ་སྲུང་བྱེད་བཞིན་པའི་གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པའི་དབར་མི་འདྲ་བ་ཞིག་ཡོད་པ་ནི། ཁོང་གིས་རྒྱུན་དུ་སྨྱུ་གུ་དང་པར་ཆས་ཁྱེར་ནས་བཅའ་སྲུང་ལས་དོན་གྱི་གནས་ཚུལ་རྣམ་པ་གཞན་ཞིག་ནས་མཚོན་བཞིན་ཡོད་པ་དེ་རེད།
2023ལོའི་ཟླ་བ་དྲུག་པར། ལུང་ཞའོ་ཧྥེང་གིས་གཞིས་རྩེ་ནས་གྱེས་ཏེ་ས་བབ་དེ་བས་མཐོ་བའི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཏུ་ལས་ཀ་བྱེད་པར་འགྲོ་རྒྱུའི་རེ་ཞུ་ཕུལ།
ལོ་གཅིག་ལྷག་ཙམ་ནང་། ལུང་ཞའོ་ཧྥེང་གིས་མངའ་རིས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་མངགས་གཏོང་ཁང་ཆེ་ཆུང་ཚང་མར་བསྐྱོད་དེ། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ཟིན་ཐོར་བཀོད་ཡོད།
རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཡིན་པའི་མ་ཡུམ་ཟམ་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ཁོང་ལ་མིག་རྩ་དམར་བའི་སློབ་སྟོན་པ་ལིའུ་ཧུང་འཕྲད་པ་དང་། བསྟི་ཡག་མཐའ་མཚམས་མངགས་གཏོང་ཁང་དུ་ཁོང་གིས་མི་དམངས་ཉེན་རྟོག་པས་གྲོག་རོང་ཁྲོད་མངར་སིལ་ལྡན་པའི་ཤིང་འབྲས་བཏབ་པ་མཐོང་བ། མཚོ་མོ་ངང་ལག་མཐའ་མཚམས་མངགས་གཏོང་ཁང་དུ་མཛེས་སྡུག་ལྡན་པའི་མཚོ་མོ་ངང་ལག་གི་ངོགས་སུ་མི་དམངས་ཉེན་རྟོག་པས་ཉིན་མཚན་དབྱེར་མེད་དུ་མཐའ་སྲུང་བྱེད་པའི་གཟུགས་བརྙན་མཐོང་བ་ལ་སོགས་རེད།
ལུང་ཞའོ་ཧྥེང་གིས་གསར་འགོད་པར“མངའ་རིས་སུ་སླེབས་རྗེས་འཚོ་བ་གསར་པ་ཞིག་སྐྱེལ་དགོས་པས་དཀའ་ངལ་མང་པོ་འཕྲད་བྱུང་། སྐབས་འགར་ཐང་ཆད་པའི་སྣང་བ་ཞིག་ཡོང་གི་འདུག་པས། དེས་ངས་དྲིལ་བསྒྲགས་ལས་དོན་ལ་བཅངས་པའི་སྤྲོ་སེམས་ཀྱང་ཆུང་དུ་སོང་ནས་ཉིན་ལྟར་འཕྲུལ་འཁོར་ཞིག་ལྟར་ལས་ཀ་བྱེད་པ་ལས་གཞན་མ་འདས། ཡང་སྙིང་དྲིལ་བསྒྲགས་ཀྱི་དོན་སྙིང་གང་འདྲ་ཞིག་ཡིན་མིན་སྐོར་ངས་བསམ་བློ་ཡང་ཡང་གཏོང་གི་ཡོད”ཅེས་བཤད།
དེ་རྗེས་ལུང་ཞའོ་ཧྥེང་གིས་མངགས་གཏོང་ཁང་དུ་འབྱོར་བའི་ཐུམ་སྒྲིལ་ཞིག་ནས་དེའི་ལན་གསལ་པོར་རྙེད་ཡོད།
2024ལོའི་ཟླ་7ཚེས་20ཉིན། མདའ་འབབ་མཐའ་མཚམས་མངགས་གཏོང་ཁང་ལ་ཅང་སུའུ་ནས་བསྐུར་བའི་དབྱང་ཧྲན་པའེ་ཧྥེང་གི་ལོ་གསུམ་ཁམ་བུ་སྒམ་གཉིས་འབྱོར་ཞིང་། ས་ཐག་རིང་བའི་མངའ་རིས་སུའང་ཤིང་འབྲས་དེ་རིགས་འབྱོར་ཐུབ་པ་ནི་དངོས་འབྲེལ་ལས་སླ་པོ་མ་རེད། ཁམ་བུ་བསྐུར་མཁན་མཁྱེན་ལྡན་མ་ཏུའུ་ལགས་ཀྱིས་ཆེད་མངགས་རྦད་དེ་སྨིན་མེད་པའི་ཁམ་བུ་བདམས་ཏེ་ཆེས་མྱུར་ཤོས་ཀྱི་མགྱོགས་སྐྱེལ་ཐོག་ནས་ལྷ་སར་བསྐུར་བ་དང་། དེ་རྗེས་མཚན་དེ་རང་དུ་རླངས་འཁོར་མངགས་ནས་མངའ་རིས་སུ་དབོར་བར། ཟླ་ཕྱེད་ཙམ་གྱི་སྐྱེལ་འདྲེན་དུས་ཚོད་དེ་ཉིན་དྲུག་བར་ཐུང་དུ་སོང་ཡོད་སྟབས། ཐག་རིང་དུ་ཡོད་པའི་མངའ་རིས་མི་དམངས་ཉེན་རྟོག་པས་ད་གཟོད་ལོ་གསུམ་ཁམ་བུ་སོས་པ་བཟའ་རྒྱུ་བྱུང་བ་གཞི་ནས་རྟོགས།
གསར་འགོད་པར་ཤེས་རྟོགས་བྱུང་བར། 2021ལོ་ནས་2024ལོའི་བར། མཁྱེན་ལྡན་མ་ཏུའུ་ལགས་ཀྱིས་མདའ་འབབ་མཐའ་མཚམས་མངགས་གཏོང་ཁང་ལ་དྲོད་ནོར་ནོར་དང་། ཏན་ཞིམ། ལག་སྲུང་ཤ་གསོས། ཤོག་དྲས་འདྲ་གཟུགས་སོགས་ཀྱི་ལག་རྟགས་གཅིག་རྗེས་གཉིས་མཐུད་དུ་བསྐུར་ཡོད། དེ་འདྲ་བྱེད་དོན་ནི་ཁོང་གིས་ཁྱུག་དབྱིངས་ཤིག་ནས་མདའ་འབབ་མཐའ་མཚམས་མངའ་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གངས་འཁྱགས་ཁྲོད་དངོས་ཟོག་དབོར་བའི་བརྙན་ལམ་ཞིག་མཐོང་བར། དེས་ཁོ་མོར་སེམས་འགུལ་ཚད་མེད་ཐེབས་སྟབས། ད་གཟོད་ཁོང་རྣམ་པར་སྐུར་མ་བསྐུར་རྒྱུའི་བསམ་བློ་འཁོར་བ་རེད།
གནས་ཚུལ་དེ་བརྒྱུད་རྗེས། དྲིལ་བསྒྲགས་ལས་དོན་ཇི་ལྟར་སྤེལ་མིན་ཐད་ལུང་ཞའོ་ཧྥེང་རེ་ཞིག་བསམ་གཞིག་གི་རྒྱ་མཚོར་ཚུད་དེ། རིམ་བཞིན་དྲིལ་བསྒྲགས་ཀྱི་ངོ་བོར་དོ་ཁུར་བྱེད་འགོ་ཚུགས་པ་དང་། དྲིལ་བསྒྲགས་ཀྱི་ཕན་ནུས་བརྒྱུད་བསྒྲགས་དེ་བས་རྒྱ་ཁྱབ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་མི་དེ་བས་མང་བར་ཁོང་ཚོའི་དཔུང་ཁག་དེ་ཇི་ལྟར་ཤེས་སུ་འཇུག་མིན་ཐད་བསམ་བློ་གཏོང་གི་ཡོད་པ་རེད།
དུས་བབ་གསར་པའི་དགོས་མཁོ་དང་འཚམ་པར་བྱ་ཆེད། 2024ལོའི་ཟླ་9ཚེས་4ཉིན། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཙུགས་པ་རེད།
ད་ལོ་ནི་ལུང་ཞའོ་ཧྥེང་དྲིལ་བསྒྲགས་ཀྱི་ལས་ཀར་ཞུགས་པའི་ལོ་དྲུག་པ་དེ་རེད། ལོ་དེ་དག་ནང་། ཁོང་གིས་གནས་སྤོས་མི་སེར་ལ་བཅངས་པའི་བརྩེ་སེམས་ཉིན་བཞིན་ཟབ་ཏུ་དང་། དྲིལ་བསྒྲགས་ལས་དོན་ལ་བཅངས་པའི་སྤྲོ་སེམས་ཇེ་ཆེར་སོང་ཡོད། ཁོང་གིས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དོན་ནི་མི་དེ་བས་མང་བས་གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པར་རྒྱུས་མངའ་དེ་བས་ཆེ་བ་ལོན་ཆེད་རེད།
བཅར་འདྲི་མཇུག་འགྲིལ་ཁར། ལུང་ཞའོ་ཧྥེང་གིས་གསར་འགོད་པར་རང་ཉིད་ཀྱི་བརྩམས་ཆོས《གངས་ལྗོངས་ས་མཐོའི་སྟེང་གི“བསམ་པའི་སྒུལ་ཤུགས”》ལ་རྒྱལ་ཡོངས་ལས་རིགས་ཀྱི་གསར་འགྱུར་རྩེ་གྲའི་འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པའི་ལག་ཁྱེར་རག་བྱུང་ཞེས་བཤད།
ལུང་ཞའོ་ཧྥེང་གིས“དེ་ངའི་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་ཞིག་ཡིན། ལོ་གསར་པར་ངས་དྲིལ་བསྒྲགས་ལས་དོན་མུ་མཐུད་ཧུར་ཐག་བསྒྲུབས་ཏེ། བརྩེ་སེམས་ཟབ་མོ་དང་པར་ཆས་དང་ཡི་གེར་བརྟེན་ནས། གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པའི་དངོས་ཡོད་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཟིན་ཐོར་བཀོད་ནས། སྤྱིར་བཏང་གི་བྱ་བར་གྲུབ་འབྲས་ཐོན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།