《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月20日

ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

ཟླ་2ཚེས་16ཉིན་ནས་ཚེས་18ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་དུ་ཐོན་ལས་འཕེལ་རྒྱས་དང་། དམངས་གཉེར་དཔལ་འབྱོར། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། དགོན་སྡེ་དོ་དམ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གདེང་ཚོད་བརྟན་པོ་དང་ལས་ཀ་ཏན་ཏིག་སྒྲུབ་སྟེ“དོན་ཆེན་བཞི”དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན་ནས་ཚེས་18ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་དུ་ཐོན་ལས་འཕེལ་རྒྱས་དང་། དམངས་གཉེར་དཔལ་འབྱོར། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། དགོན་སྡེ་དོ་དམ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ནས་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁས་ལེན་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། བསམ་བློར་འགྱུར་ལྡོག་གཏོང་བ་དང་། འདུ་ཤེས་གསར་བརྗེས། གདེང་ཚོད་བརྟན་པོ། ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ“དོན་ཆེན་བཞི”དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་དང་འདེགས་སྐྱོར་ནུས་ལྡན་ཞིག་ཡིན། སྣེ་གདོང་ཆུས་གཙང་བྱང་ཐོན་ལས་གླིང་དང་རྒྱ་ཚ་རྫོང་རུ་མི་ཐོན་ལས་གླིང་དུ་ཝང་ཅུན་ཀྲེང་གིས་བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཁྲོང་པོ་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་སི། བོད་ལྗོངས་ཨན་ཆི་ཇོ་མོ་གླང་མའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས་ངོ་སྤྲོད་གསན་པ་དང་། ཐོན་རྫས་ལ་གཟིགས་པ། འཁོར་ཁང་དུ་ཕེབས་ནས་ཁེ་ལས་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཐོན་རྫས་ཕྱིར་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཝང་ཅུན་ཀྲེང་གིས་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ལས་གླིང་ཁུལ་གྱི་སྐུལ་ཁྲིད་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

ལྷུན་རྩེ་རྫོང་རྫོང་ནག་འཛུགས་སྐྲུན་ཚད་ཡོད་ཀུང་སིར་ཝང་ཅུན་ཀྲེང་གིས་ཁེ་ལས་ཀྱི་ལས་མི་དང་བྱམས་བརྩེའི་སྤེལ་རེས་གནང་ནས་འཕེལ་རྒྱས་ཀྱི་སྐོར་སྐད་ཆ་འདྲི་བ་དང་། ཡོང་འབབ་རྩིས་རོགས། ཇུས་བཟང་འདོན་རོགས་བཅས་ཀྱི་ཐོག་ནས་ཁེ་ལས་དོ་དམ་གཉེར་སྐྱོང་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཁེ་ལས་ཀྱི་འོས་ཐོབ་རིམ་པ་ཇེ་མཐོར་གཏོང་བ་དང་། རང་བརྟེན་སྤུས་རྟགས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བརྒྱུད། ཁེ་ལས་གཅིག་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཕྱོགས་གཅིག་གི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པ། ཕྱོགས་གཅིག་གི་མི་སེར་ཕྱུག་པོ་ཆགས་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད། དམངས་གཉེར་དཔལ་འབྱོར་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཡིན། ཝང་ཅུན་ཀྲེང་གིས་རིམ་ཁག་སྡེ་ཚན་ཁག་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ལ་སྤྱི་འདོམས་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་ཧུར་ཐག་བྱས་ཏེ་ཉེ་གཙང་གི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་བཙུགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དང་ནུས་པ་གཅིག་ཏུ་བསྡུ་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་པས་ཕུགས་བསམ་གྱི་བསམ་བློ་གཏོང་ཕྱོགས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། རང་ངོས་དང་ཁེ་ལས་འཕེལ་རྒྱས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རང་རྟོགས་ངང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལས་དོན་གཙོ་བོ་བརྟན་སྲུང་དང་། ཁེ་ལས་སྟོབས་ཆེར་གཏོང་བ། རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་གཉེར་སྐྱོང་། གསར་གཏོད་ལས་གཏོད། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་དཔེ་མཚོན་ཞིག་ཏུ་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རྣམ་གྲངས་འཛུགས་སྐྲུན་ནི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ནུས་ལྡན་ཞིག་དེ་བས་ཀྱང་རེད། ཝང་ཅུན་ཀྲེང་གིས་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ཟ་ར་ལམ་གྱི་གཙང་སྒྲོལ་ཟམ་ཆེན་དང་། ལྷོ་ཁ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་དུས་ཐེངས་གཉིས་པ། རྒྱ་ཚ་རྫོང་རུ་མི་ཐོན་ལས་གླིང་གི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་བཅས་སུ་ཕེབས་ཏེ་སྙན་སེང་གསན་ནས་རྣམ་གྲངས་སྒྲུབ་རིམ་ཐད་བཀའ་འདྲི་གནང་ཞིང་། ཝང་ཅུན་ཀྲེང་གིས་གོ་ཆོད་ཀྱི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་འབད་བརྩོན་བྱས་ནས་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོའི་ཞན་ཆ་སེལ་བ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ལས་ཀའི་ལས་ཆོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྣམ་གྲངས་སྔ་ཙམ་ལག་བསྟར་དང་ཕན་འབྲས་སྔ་ཙམ་ཐོན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ལྷུན་རྩེ་རྫོང་གྲོང་གི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་རྣམ་གྲངས་འཛུགས་སྐྲུན་ཁུལ་དུ་ཕེབས་སྐབས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་ཞོར་དུ“རྣམ་གྲངས་ལ་བསྡོམས་མ་དངུལ་ཇི་ཙམ་བཏང་ཡོད་དམ། དྲོད་རླངས་དང་སོལ་རླངས་མཁོ་འདོན་ཇི་ལྟར་བྱ་རྩིས་ཡོད་དམ”ཞེས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་རྒྱུ་དེ་སྡེ་ཁུལ་རྙིང་པ་སྒྱུར་བཀོད་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་མང་ཙམ་ཉན་ཏེ་ཚན་རིག་དང་མཐུན་པའི་ངང་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་བཏང་ཐོག་ལས་གྲྭའི་སྤུས་ཚད་འགན་ལེན་གྱིས་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་དང་དེ་བས་སྐྱིད་སྣང་དོད་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱ་ཚ་རྫོང་ཀུན་ཁམས་གྲོང་ཚོར་ཝང་ཅུན་ཀྲེང་གྲོང་ཚོ་ཨུ་ལྷན་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས། ཀུན་ཁམས་གྲོང་ཚོ་འཛུགས་སྐྲུན་དང་བསྐུར་སྐྱེལ་ཟོག་འགྲེམས་ལས་སྒོ་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཝང་ཅུན་ཀྲེང་གིས། གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་རོགས་སྐྱོར་ལས་དོན་སྤྱི་འདོམས་ཡག་པོ་བྱས་ནས“མྱུར་སྐྱེལ་དང་ས་གནས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཟུང་དུ་འབྲེལ་བ”སོགས་ཀྱི་དཔེ་སྟོན་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ཧུར་ཐག་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

སྣེ་གདོང་ཆུས་སུ་སྤྱི་བདེའི་ལས་དོན་གྱི་སྙན་སེང་གསན་སྐབས། ཝང་ཅུན་ཀྲེང་གིས། ཉེན་བརྡ་རྒྱུན་གཏོང་དང་དུས་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་གཞི་རིམ་དུ་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅོད་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

སྣེ་གདོང་ཆུས་ཁྲ་འབྲུག་དགོན་དུ་ཝང་ཅུན་ཀྲེང་གིས། དགོན་སྡེ་དོ་དམ་དང་། དགོན་པའི་ལོ་རྒྱུས། རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས“འདུ་ཤེས་གསུམ”གྱི་སློབ་གསོ་སྔར་བས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ་དང་། ཉམས་མྱོང་ཡག་པོ་དང་བྱ་ཐབས་བཟང་པོ་ཕྱོགས་སྡོམ་དང་རིམ་སྤོར་བྱེད་པ། གྲྭ་བཙུན་ཚོས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས། ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ་དང་། ཆོས་ལུགས་ལས་དོན་དོ་དམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་མི་རིགས་ཁག་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། འབད་བརྩོན་ཧུར་ཐག་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་མཐུད་སྲུང་སྐྱོང་བྱས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། མེས་རྒྱལ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས། དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་གཏོང་བ་དང་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ཏེ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱི་འདོད་བློར་བསྟུན་པ་དང་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་སོགས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

(བསོད་བདེ་ཆེ་བ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)