《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月20日

སེམས་པ་དམངས་ལ་འཕྲེང་། དམངས་ཀྱི་སེམས་ཁྲལ་སེལ།

—— སྐབས་གཉིས་པའི་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”ཉི་མ་ཕན་ཐོགས་ཀྱི་སྐོར་བཀོད་པ།

མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དུ་ཉི་མ་ཕན་ཐོགས་ཀྱི་སྐོར་གླེང་སྐབས་བསྔགས་བརྗོད་ཀྱི་མེ་ཏོག་མི་གཏོར་མཁན་གཅིག་ཀྱང་མེད།

མང་ཚོགས་དང་འབྲེལ་འདྲིས་དང་། མང་ཚོགས་ལ་ཞབས་འདེགས། ཐེག་པ་ཁུར་ལེན་བཅས་བྱས་པའི་དབང་གིས། མི་རིང་བའི་གོང་། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དམངས་འཚོ་འགན་སྲུང་གཞུང་ལས་ཁང་གི་ཀྲུའུ་རེན་ཉི་མ་ཕན་ཐོགས་ལ་སྐབས་གཉིས་པའི་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི”མཚན་སྙན་ཐོབ་པ་རེད།

“གཟི་བརྗིད་འདི་ནི་རྩ་འཛུགས་ཀྱི་ཡིད་ཆེས་དང་ཚང་མའི་རྒྱབ་སྐྱོར་ལས་ཐོབ་པ་ཞིག་རེད། ངས་གཞི་རིམ་དུ་རང་ནུས་ཡོད་རྒུ་བཏོན་ནས་སྒྲུབ་འོས་པའི་བྱ་བ་བསྒྲུབས་པ་ཙམ་ཡིན”ཞེས་ཉི་མ་ཕན་ཐོགས་ཀྱིས་ཁེངས་སྐྱུང་ངང་བཤད།

ཉི་མ་ཕན་ཐོགས་ནི་གཞིས་རྩེ་ནས་ཡིན་ཞིང་། 2014ལོར་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དུ་ལས་ཀར་ཞུགས། ཐོག་མར་མཐོ་ལྡིང་གྲོང་རྡལ་དུ་སླེབས་སྐབས་བྱ་བ་མཐའ་དག་འཕྲད་མྱོང་མེད་པས་དཀའ་ངལ་ཆེན་པོ་འཕྲད། ཡིན་ནའང་ཁོང་གིས་ཕམ་ཁ་མ་འཁུར་བའི་སེམས་ཤུགས་བཅངས་ནས་ལས་ཀའི་ཁོར་ཡུག་ལ་གང་མགྱོགས་གོམས་པར་བྱས། ལོ་10ཡི་རིང་ཉི་མ་ཕན་ཐོགས་རིམ་བཞིན་འཚར་ལོངས་བྱུང་ནས་ལས་རོགས་ཚོའི་མིག་ནང་གི་བློས་འཁེལ་ཤོས་དང་མང་ཚོགས་ཀྱི་སེམས་ནང་གི་ཡིད་ཆེས་བྱེད་ཆོག་པའི་ལས་བྱེད་པ་བཟང་པོ་ཞིག་ཏུ་གྱུར།

2023ལོའི་ཟླ་2པར། ཉི་མ་ཕན་ཐོགས་གཞི་རིམ་བཅོས་སྐྱོང་གི་ལས་ལ་གཞོལ་ཞིང་། དེའི་ནང་རྩྭ་མདའ་རྫོང་གི་དྲ་མིག་དབྱེ་བའི་ལས་དོན་ཐད་ཁོང་ལ་བག་ཆགས་ཟབ་མོ་ཡོད། མཐོ་ལྡིང་གྲོང་རྡལ་ནི་རྩྭ་མདའ་རྫོང་གྲོང་གནས་ཡུལ་དུ་ཡོད་པས་རྫོང་ཡོངས་ཀྱི་དྲ་མིག་དབྱེ་བའི་ལས་དོན་དེ་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་བབས་པ་དང་མཐར་ཁུར་པོ་ལྕི་པོ་དེ་ཉི་མ་ཕན་ཐོགས་ཀྱི་ཕྲག་སྟེང་དུ་བབས།

ཉི་མ་ཕན་ཐོགས་ཀྱིས། 2023ལོའི་ལོ་འགོར་གནམ་གཤིས་གྲང་སྒང་གི་དུས་སུ། ང་དང་ལས་རོགས་ཚོས་གྲང་རླུང་གདོང་གིས་བསུས་ཏེ་མཐོ་ལྡིང་གྲོང་རྡལ་གྱི་ས་ཁོངས་ཁག་ཏུ་བསྐྱོད་ནས་གྲོང་མིའི་ཁྱབ་ཚུལ་ཤེས་རྟོགས་བྱས་པ་ཡིན་ཞེས་ཕྱིར་དྲན་བྱས་ནས་བཤད།

འོན་ཀྱང་། ཉི་མ་ཕན་ཐོགས་དང་ལས་རོགས་ཚོས་ཇུས་གཞི་ཞིབ་ཚགས་ངང་བཟོས་ནས་འབུལ་ཐེངས་རེར། དྲ་མིག་དབྱེ་རྒྱ་ཆེ་དྲགས་པའམ་ཡང་ན་ཆུང་དྲགས་པའི་དབང་གིས་ཇུས་གཞི་དེ་བསྟུད་མར་ཕྱིར་བསློགས་པ་རེད། དཀའ་ངལ་གཅིག་རྗེས་གཉིས་མཐུད་དུ་འཕྲད་ནའང་། ཉི་མ་ཕན་ཐོགས་ཀྱིས་སྔར་བཞིན་ཨམ་གཙིགས་བསྡམས་ནས་རྒྱུན་འཁྱོངས་བྱས་ཏེ་གྲང་རླུང་ཁྲོད་དུ་བརྟག་ཞིབ་བྱེད་པར་ཡང་ཡང་བསྐྱོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མཐར་ལུགས་དང་མཐུན་ཞིང་སྤྱོད་རུང་བའི་ཇུས་གཞི་ཞིག་བཟོས་ནས་རྫོང་གྲོང་དེ་ཉིད་དྲ་མིག་གསུམ་དུ་དབྱེ་བ་རེད།

དེ་རྗེས་ཉི་མ་ཕན་ཐོགས་ཀྱིས་གྲོང་མིའི་ཁྱབ་ཚུལ་དང་ངོ་བོ་གཞིར་བཟུང་། དྲ་མིག་གི་བཀོད་ཇུས་དང་སྟོབས་ཤུགས་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་དུད་སྦྲེལ་སྤྱི་མི་100ལེགས་འདེམས་ཧྲག་སྒྲིག་བྱས་པ་དང་། དྲ་མིག་ཁག་གིས་དྲ་མིག་དཔོན་དང་། དྲ་མིག་པ། དྲ་མིག་ཉེན་རྟོག་པ་སོགས་ཀྱི་སྟོབས་ཤུགས་བཀོད་སྒྲིག་བྱས་པ་མ་ཟད། འབྲེལ་ཡོད་ལས་དོན་པར་འགན་འཁྲི་ནན་ཏན་ངང་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་ཡང་བྱས་པ་རེད།

ཐོག་མར་དྲ་མིག་པའི་ལས་དོན་བདེ་བླག་ངང་སྤེལ་མ་ཐུབ་ཅིང་། ཉི་མ་ཕན་ཐོགས་ཀྱིས“ལས་གནས་སུ་གསར་དུ་ཞུགས་པའི་དྲ་མིག་པ་སྒོ་རྩར་ཆ་འཕྲིན་ཐོ་འགོད་དང་བདེ་འཇགས་ཀྱི་དྲིལ་བསྒྲགས་སོགས་ཀྱི་ལས་ཀ་བྱེད་སྐབས་མང་ཚོགས་ཀྱི་བསམ་ཤེས་མ་ཐོབ་པར་གནད་དོན་ཐག་གཅོད་ཏན་ཏིག་ཡོང་གི་མ་རེད་སྙམ་སྟེ་བློས་འཁེལ་གྱི་མི་འདུག”ཅེས་ཕྱིར་དྲན་བྱས་ནས་བཤད།

གནས་ཚུལ་དེ་འདྲའི་མདུན་དུ་ཉི་མ་ཕན་ཐོགས་ཀྱིས་དྲ་མིག་པའི་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེ་བཞིན་ལ་འདྲི་རྟོག་བྱས་ནས་ཚང་མས་ཞུས་པའི་གནད་དོན་རེ་རེ་བཞིན་ཟིན་བྲིས་ཞིབ་ཕྲ་རྒྱག་པ་དང་། ཁྱིམ་མཚེས་དབར་འགལ་ཟླ་དང་རྩོད་གཞི་བྱུང་ཚེ། ཁོང་གིས་དྲ་མིག་ཉེན་རྟོག་པ་ཁྲིད་ནས་ངང་རྒྱུད་རིང་པོས་འདུམ་འགྲིག་བྱེད་པ་སོགས། དུས་ཡུན་རིང་པོ་སོང་རྗེས་ཉི་མ་ཕན་ཐོགས་ཀྱིས་དངོས་གནས་ཚང་མའི་ཆེད་དུ་བྱ་བ་དངོས་བསྒྲུབས་ཏེ་དཀའ་གནད་སེལ་བཞིན་ཡོད་པ་མང་ཚོགས་ཀྱིས་རིམ་བཞིན་ཤེས།

ཉི་མ་ཕན་ཐོགས་ཀྱིས་ད་དུང་དྲ་མིག་པ་དང་། དྲ་མིག་ཉེན་རྟོག་པ། དུད་སྦྲེལ་སྤྱི་མི་བཅས་སྐུལ་སློང་བྱས་ཏེ“སྒོ་རྡུང་བྱ་སྤྱོད”སྤེལ་ཞིང་། གོ་སྐབས་དེ་དང་བསྟུན་ནས་སླར་ཡང་ཚང་མའི་བསམ་ཚུལ་ཤེས་རྟོགས་གཏིང་ཟབ་དང་ཆ་འཕྲིན་ཞིབ་དཔྱད་བྱེད་པ་དང་ཆབས་ཅིག་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སྔོན་འགོག་ཇི་ལྟར་བྱེད་པ་སོགས་འགྲེལ་བཤད་ཀྱང་རྒྱག་གི་ཡོད།

གུང་ཁྲན་ཏང་ཡོན་དང་གཞི་རིམ་གྱི་ལས་དོན་པ་ཉི་མ་ཕན་ཐོགས་ཀྱིས“གཞི་རིམ་བཅོས་སྐྱོང་གང་དུ་སྐུལ་སྤེལ་བཏང་ན། ཏང་གི་ལས་དོན་དེ་གར་རྗེས་ཟིན་པ་བྱེད་དགོས་པའི”འདུ་ཤེས་ལས་ཀའི་འགོ་ནས་མཇུག་བར་མཐའ་འཁྱོངས་བྱེད་ཀྱི་ཡོད། ཁོང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཁྲོད་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་གྱི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད་པས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་གི་ཡོད། ཆབ་སྲིད་ཀྱི“ནུས་པ་གསུམ”ཆེ་རུ་གཏོང་བ་དང་དུས་མཚུངས་ཏང་འཛུགས་སྐྱོང་ལས་དོན་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་ནས་མང་ཚོགས་ལ་་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་པ་དང་ཏང་གི་མཛད་ཕྱོགས་དང་སྲིད་ཇུས་གཞི་རིམ་དུ་རྩ་བ་ཚུགས་པའི་འགན་ལེན་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་འགན་སྲུང་བརྟན་པོ་བྱེད་ཀྱི་ཡོད།

བརྩོན་འགྲུས་ཅན་ལ་བསླུ་བ་མེད། ཉི་མ་ཕན་ཐོགས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་བྱ་བ་བསྒྲུབས་ནས་གྲོང་མིས་ཐོག་མར་སུན་སྣང་བྱེད་པ་དང་། བསམ་ཤེས་མི་བྱེད་པ། ཡིད་ཆེས་མི་བྱེད་པ་བཅས་ནས་རིམ་བཞིན་བསམ་ཤེས་དང་ཁས་ལེན་པའི་བར་འགྱུར་ལྡོག་བཏང་ཡོད། ཁོང་གི་འབད་བརྩོན་ལྷོད་མེད་འོག་མཐོ་ལྡིང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུའང་ཕྱིན་ཡོད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཉི་དོན་གྱིས་ཞུས)