འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོར། དིང་རི་རྫོང་ཆུ་ལྷོ་ཤང་རམ་ཆེན་གྲོང་ཚོའི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་གང་སར་དགོད་སྒྲས་ཁེངས། “ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད”ཅེས་པའི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་གྱི་འགོ་ཚུགས་མཛད་སྒོ་དེ་གར་སྤེལ།
གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ཁམས་སྔར་བས་གསོ་བ་དང་ཚང་མ་ས་ཡོམ་གྱི་གནོད་འཚེའི་སེམས་སྡུག་ལས་གང་མགྱོགས་ཐར་བར་ཁྲིད་སྟོན་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་གདེང་ཚོད་དང་ཆོད་སེམས་སྐུལ་སློང་བྱ་ཆེད། བོད་ལ་དམངས་གཙོ་སྒྱུར་བཅོས་བྱས་ནས་ལོ་66འཁོར་བར་དྲན་གསོ་ཞུ་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་སྣེ་ཁྲིད་པ་དང་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུས་འགན་ཞིབ་ཕྲ་ཁུར་ནས་དུས་མཚམས་བཞིར་དབྱེ་བ་དང་། ལོ་ཧྲིལ་པོར་ཁྱབ་པ། ལྗོངས་ཡོངས་ལ་ཁྱབ་པ་བཅས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་འགོ་ཚུགས་ཡོད། དུས་མཚམས་དང་པོར་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུ”དང་། གཞིས་རྩེ་གྲོང་ཁྱེར་གངས་ལྷ་མེ་ཏོག་དྲིལ་བསྒྲགས་རུ་ཁག་གི་རུ་མི་དང་དེ་བཞིན“ཇོ་མོ་གླང་མའི་མི་སེར་གྱི་དྲིལ་བསྒྲགས་མཁས་པ”སོགས་སྒྲོག་འགྲེལ་པ་9ཡིས་དིང་རི་རྫོང་དང་ལྷ་རྩེ་རྫོང་གི་གནོད་འཚེ་ཅུང་ཚབས་ཆེ་བའི་ཤང་དང་གྲོང་རྡལ་དུ་དྲིལ་བསྒྲཌ་ཐེངས་42བྱས་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་གཞན་དུ་སྐོར་སྐྱོད་སྒྲོག་འགྲེལ་ཡང་བྱས་པ་རེད།
འགོ་ཚུགས་མཛད་སྒོར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཕུར་བུས་དྲིལ་བསྒྲགས་ཚོགས་པར་ཚོགས་དར་སྤྲད་པ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
རང་སྐྱོང་ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གཞོན་པ་རྒོད་སྐྱེས་ཀྱིས་དྲིལ་བསྒྲགས་པ་ཚོར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྐོར་སྐྱོད་སྒྲོག་འགྲེལ་གྱི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱིས་སྤྲད་པའི་ལས་འགན་ཡག་པོ་སྒྲུབ་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་སྐོར་སྐྱོད་སྒྲོག་འགྲེལ་གྱི་འགན་འཁྲིའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ནས། སྐོར་སྐྱོད་སྒྲོག་འགྲེལ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་སྐོར་སྐྱོད་སྒྲོག་འགྲེལ་ལ་ཕན་འབྲས་བཟང་པོ་ཐོབ་པའི་འགན་ལེན་བཅས་བྱས་ནས། སྒྲོག་འགྲེལ་ཚོགས་པའི་གཟུགས་བརྙན་བཟང་པོ་འཛུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
ཡོམ་འགོག་རྒུད་སྐྱོབ་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། གཞིས་རྩེ་གྲོང་ཁྱེར་གངས་ལྷ་མེ་ཏོག་དྲིལ་བསྒྲགས་རུ་ཁག་གི་རུ་མི། གམ་པ་རྫོང་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་བཅས་ཡིན་པའི་ཚེ་རིང་གིས་སྒྲོག་འགྲེལ་བྱེད་སྐབས། ཡོམ་འགོག་རྒུད་སྐྱོབ་ཀྱི་གཏམ་རྒྱུད་དང་གེགས་རྗེས་བསྐྱར་སྐྲུན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བཀའ་དྲིན་བློ་ལ་འཆང་བ་དང་འབད་འཐབ་ཀྱི་སེམས་ཤུགས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་རྗེས་སུ་འབྲང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)