“ཧྲུའུ་ཅི་ལགས། སང་ཉིན་མཉམ་ལས་ཁང་གིས་འབྲོག་པའི་སྐྱས་སྤོ་རྩིས་ཡོད་རུང་། ཡུལ་མི་ཞིག་གིས་ལས་བགོས་ཀྱི་བཀོད་སྒྲིག་ལ་དེ་ཙམ་མོས་མཐུན་བྱེད་ཀྱི་མི་འདུག”ཅེས་2024ལོའི་ཟླ་བརྒྱད་པའི་ཉིན་ཞིག་གི་མཚན་དགུང་ལ། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཞ་གོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དགེ་ལེགས་རྒྱལ་མཚན་གཉིད་ཁུག་ཙམ་ལ། གློ་བུར་དུ་རྫ་ར་ལྷོ་མ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྙན་གྲགས་ཀྱིས་ཁ་པར་ནས་དེ་ལྟར་བཤད།
ཡུལ་མིར་ལས་བགོས་རྒྱག་རྒྱུ་དེ་མཉམ་ལས་ཁང་གི་འབྲོག་ལས་ཐོན་སྐྱེད་བདེ་བླག་ཡོང་མིན་དང་འབྲེལ་བ་ཡོད། གལ་སྲིད་མི་གཅིག་གིས་དེར་མོས་མཐུན་མེད་ཚེ་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད། གྲོང་ཚོའི་ལས་དོན་ལ་དཀའ་ངལ་འཕྲད་པ་ཤེས་རྗེས། དགེ་ལེགས་རྒྱལ་མཚན་ལམ་སེང་མལ་ནས་ལངས་ཏེ་རྫ་ར་ལྷོ་མ་གྲོང་ཚོའི་གཞུང་དོན་སྒྲུབ་སར་མཛུབ་ཁྲིད་བྱེད་པར་བསྐྱོད་ཅིང་། ཐོ་རེངས་ཆུ་ཚོད་བཞི་པ་ལྷག་ཙམ་བར་སྙིང་གཏམ་ཤོད་པ་དང་གོ་བསྐོན་བློ་འགུག་གི་སློབ་གསོ་བརྒྱབ་ཐོག་ལས་བགོས་ལེགས་སྒྲིག་བྱས་མཐར་གནད་དོན་ཐག་གཅོད་བྱུང་བ་རེད།
“ཕྱི་ཚུལ་ནས་དོན་ཆུང་ཞིག་ཡིན་སྙམ་ཡང་། དོན་དུ་དོན་ཆུང་ཞིག་གཏན་ནས་མིན། མང་ཚོགས་ཀྱི་བྱ་བ་ཡིན་ཚེ་དོན་ཆུང་གཏན་ནས་མིན་པར་ཚང་མ་དམངས་སེམས་དང་འབྲེལ་ཡོད”ཅེས་གྲོང་ཚོ་ཨུ་ལྷན་གཞུང་ལས་ཁང་དུ་བསྡད་དེ་གཞི་རིམ་གྱི་ལས་དོན་སྐོར་གླེང་བཞིན་པའི་དགེ་ལེགས་རྒྱལ་མཚན་གྱིས་མྱོང་ཚོར་ཟབ་མོའི་ངང་བཤད།
ཉེ་བའི་ལོ་ཤས་རིང་། ཞ་གོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ལྷག་བསམ་དང་། བརྩེ་སེམས། སེམས་ནུས་བཅས་ཀྱི་རྩ་དོན་ལ་གཞིགས་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་ཆེས་ཉམས་ཞན་དང་། དཀའ་ཚེགས་ཆེ་ཤོས། རྙོག་འཛིང་ཆེ་ཤོས། ཞིབ་ཚགས་ཤོས།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཆེས་མདུན་གྲལ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བཏབ་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་དགོས་མཁོ་གསར་པར་བརྡ་ལན་སྤྲད་དེ། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བཞིན་ཡོད།
2023ལོར། ཞ་གོ་ཤང་ནོར་འཛོམས་གྲོང་ཚོའི་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་3500བཏང་སྟེ། གྲོང་ཚོའི་དུད་ཚང་47ཚང་མར་སྡོད་ཁང་གསར་པ་བརྒྱབ་པ་དང་། མཛོད་ཁང་དང་། ལྷས་ར། ཡུལ་མིའི་བྱེད་སྒོ་ལྟེ་གནས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་གསར་དུ་བརྒྱབ་པ་མ་ཟད། ད་དུང་དུད་ཚང་སོ་སོར་ཆུ་ཀ་ལའང་ཁྲིད་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་ཡོད།
ཆེ་སར་ལྟ་བ་དང་ཆུང་ས་ནས་ལག་ལེན་བསྟར་ཏེ་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་གི་རྨང་གཞི་བརྟན་པོ་འདིང་བ་དང་ཕུགས་ལ་ཕན་པའི་དོན་ཆེན་བསྒྲུབས་པ་མ་ཟད། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་བྱ་བ་ཆུང་ཙག་ཀྱང་ཡག་པོ་བསྒྲུབས་ཏེ། “དོན་ཆེན”གྱི་ཆེད་དུ“དོན་ཆུང”སྣང་མེད་དུ་བཏང་མེད། ཞ་གོ་ཤང་གི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་བྱེད་སྟངས་ལས་ཁོང་ཚོས་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས“དམངས་ཀྱི་ཁས་ལེན་ཐོབ་པའི”གཞི་རིམ་ལས་བྱེད་པ་ཞིག་བརྩོན་ལེན་བྱེད་བཞིན་པ་མངོན་ཡོད།
དེ་དང་ཆབས་ཅིག ཞ་གོ་ཤང་གིས་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་བཏང་སྟེ། “ཤང་རེ་ལ་མཉམ་ལས་ཁང་རེ”ཡོད་པའི་བཞོན་མ་རྒྱུད་སྤེལ་རྟེན་གཞིའི་ལག་ཡོད་མགོ་གྲངས་དང་དངུལ་ལྷག་འཕྲོས་ཉོས་པའི་སྒོ་ཕྱུགས་དག་ཆ་སྙོམས་བགོས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་6ལ་གསོ་ཉར་བྱེད་དུ་བཅུག་ཅིང་། ལོ་མཇུག་ཏུ་དེ་དག་བཤས་བཏང་རྗེས་གྲོང་ཚོ་སོ་སོས་མ་དངུལ་སྒོར་ཁྲི་2བཏོན་ཏེ་བགོ་འགྲེམས་ཀྱི་རྣམ་པའི་ཐོག་ནས་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་ལ་སྤྲད་ཡོད།
ལས་བྱེད་པས་བློ་གཅིག་སེམས་གཅིག་ངང་ལས་ཀ་བྱས་ཚེ་མང་ཚོགས་བློ་བདེ་བག་ཕེབས་ཡོང་ཐུབ། ཞ་གོ་ཤང་རྫོང་སེར་གྲོང་ཚོའི་དཔལ་ལྡན་གྱི་ཁྱིམ་དུ་དབང་པོ་སྐྱོན་ཅན་གཉིས་ཡོད་པ་དང་། ནད་གཞིས་རྐྱེན་པས་ཁོང་ཚོའི་འཚོ་བ་བལྟོས་བཅས་ཀྱིས་སྐྱོ་པོ་ཡོད། གནས་ཚུལ་དེར་དམིགས་ནས་གྲོང་ཚོ་ཨུ་ལྷན་གྱིས་ཕྱུགས་འཚོ་བ་དང་ཐོན་སྐྱེད་ཐད་རོགས་རམ་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱུན་དུ་འཚམས་འདྲི། ཤང་གིས་བྱ་ཐབས་མང་པོ་བཏོན་ནས་རོགས་རམ་བཅས་བྱས་ཡོད། “ཏང་དང་སྲིད་གཞུང་གིས་རྒྱུན་དུ་ཁྱེད་ཚོར་ཐུགས་ཁུར་གནང་བཞིན་ཡོད་ལ། ང་ཚོ་ཤང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོས་ཀྱང་ཁྱོད་ཚོ་སེམས་ལ་བཞག་ཡོད། མ་གཞི་འཚམས་འདྲིའི་དངུལ་མང་པོ་མེད་ཀྱང་། ང་ཚོའི་སེམས་པ་མཚོན་བྱེད་ཡིན”ཞེས་དགེ་ལེགས་རྒྱལ་མཚན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་སྣེ་ཁྲིད་དེ་ཞལ་འདེབས་བརྒྱབ་ནས་གཅེས་སེམས་གང་ལེགས་མཚོན་པར་བྱས། དཔལ་ལྡན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ། “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ལྷན་རྒྱས་ལའང་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།
མང་ཚོགས་བློ་ཡིད་ཚིམ་མིན་དེ་ནི་ཁོང་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་མིན་ལས་ཐད་ཀར་མཚོན་ཐུབ། ཞ་གོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་ཤང་ཡོངས་ཀྱི་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་བཙལ་ཞིང་། 2024ལོར་མི་804ལས་ཞུགས་གཞན་སྒྱུར་བྱས་པར་འབབ་འཕར་སྒོར་ཁྲི་680.92བྱུང་བ་དང་། 2024 ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་13700ལྷག་ཙམ་བྱུང་སྟེ་འཕར་ཚད་11.01%ཟིན་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ནུས་ལྡན་ཕྱིན་ཡོད།
ཞ་གོ་ཤང་ནི་བྱང་རྩྭ་ཐང་གི་ལྟེ་བར་གནས་ཤིང་། དེ་ནི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་4750ཟིན་པའི་འབྲོག་ལས་རྐྱང་པའི་ཤང་ཞིག་རེད། ཤང་ཡོངས་ཀྱི་ལས་བྱེད་པའི་ཐུན་མོང་འབད་བརྩོན་འོག 2024ལོར་ཞ་གོ་ཤང་མི་དམངས་སྲིད་གཞུང་ལ་སྐབས་གཉིས་པའི་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
དགེ་ལེགས་རྒྱལ་མཚན་གྱིས། “མང་ཚོགས་ཀྱི་ལས་དོན་ནི་གཡོལ་ཐབས་མེད་པ་དང་། སྒུག་ཐབས་མེད་པ། ནར་འགྱངས་བྱེད་ཐབས་བྲལ་བ་ཞིག་ཡིན་སྟབས། ཇི་ཙམ་གཡོལ་བ་དེ་ཙམ་གྱིས་གཡོལ་ཐབས་དཀའ་བས། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་རང་འགུལ་ངང་ཐག་གཅོད་བྱས་ཚེ། གཞི་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐུབ”ཅེས་བརྗོད་པ་དང་། ཁོང་གིས། མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ནས་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར། ལས་ཀ་བྱེད་སྟངས་དང་བྱ་ཐབས་ལ་སྣང་ཆེན། རང་འགུལ་ངང་འགལ་ཟླ་ཤེས་རྟོགས། རང་རྟོགས་ངང་མང་ཚོགས་དང་ཉེར་བཅར། རང་རྟོགས་ངང་གནད་དོན་ཐག་གཅོད་བཅས་བྱེད་པ་ནི་ང་ཚོ་གཞི་རིམ་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཆོག་ནོར་ལྟ་བུ་ཞིག་ཡིན་ཞེས་བརྗོད།
(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)