《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月17日

བོད་ཤར་གྱི་མུ་ཏིག ཉམས་དགའ་བའི་ཆབ་མདོ།

ཆབ་མདོར“བོད་ཤར་གྱི་མུ་ཏིག”དང“ཁམས་པའི་དབུས་ཁུལ”ཞེས་པའི་མཚན་སྙན་ཡོད་ལ། སི་ཁྲོན་དང་། ཡུན་ནན། མཚོ་སྔོན། ཀན་སུའུ་སོགས་དང་སྦྲེལ་ཡོད་པས། བོད་དང་ཞིང་ཆེན་མང་པོའི་དབར་འབྲེལ་མཐུད་བྱེད་པའི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཇ་རྟའི་ཐང་ཆེན་དུ་འཆམ་འཆམ་ལ་འགྲོ་སྐབས། དེང་རབས་ཀྱི་དར་རྒྱས་དང་སྲོལ་རྒྱུན་གྱི་ཉམས་འགྱུར་ཕན་ཚུན་མཉམ་འདྲེས་གང་ལེགས་བྱུང་སྟེ་སྔ་མོའི་ཇ་རྟའི་གནའ་ལམ་གྱི་དྲིལ་སྒྲ་སྙན་པོ་ཐོས་པ་ལྟར་གྱི་ཚོར་སྣང་ཞིག་སྐྱེ་འོང་། ཀརྨ་ཤང་དུ་བསྐྱོད་ནས་བཟོ་བོའི་འབྱུང་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་དང་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་སོར་རྩེའི་ལག་རྩལ་དངོས་སུ་ཉམས་ལེན་བྱེད་ཆོག “བོད་ལ་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོ”སྐམ་ཐོག་གྲོང་ཚོར་བསྐྱོད་དེ་གསར་བརྗེའི་གཏམ་རྒྱུད་ཉན་པ་དང་། མེས་པོའི་སྙིང་རུས་དང་བློས་གཏོང་བློ་ལ་བརྟན་པོར་བཅངས་ཏེ་སེམས་ཁམས་ལ་ཞུན་བརྡར་ཟབ་མོ་ཐེབས་ཀྱི་ཡོད། མཇུག་ཏུ་ཆུ་ཚན་ཁ་སྤྲོ་གསེང་གྲོང་ཚོར་བསྐྱོད་དེ་ཆབ་ཞུགས་ལ་རོལ་ནས་ཡུལ་སྐོར་གྱི་ངལ་དུབ་དང་གྲང་ངར་བསལ་ཏེ་ལྷིང་འཇགས་དང་སྐྱིད་སྣང་ལོངས་སུ་སྤྱོད་ཆོག

རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་བསུ་བ་ཞུ་བ་དང་དགུན་དུས་ཡུལ་སྐོར་ལ་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ཐེངས་བདུན་པ་དོན་འཁྱོལ་ཧུར་ཐག་བྱས་ཤིང་། 2024ལོའི་ཟླ་10ཚེས་15ནས་2025ལོའི་ཟླ་3ཚེས་15ཉིན་བར། གྲོང་ཁྱེར་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་ཚང་མ་ཡུལ་སྐོར་བར་སྒོ་འཛིན་མི་དགོས་པར་སྒོ་ཕྱེ་བ་དང་། གྲོང་ཁྱེར་དེའི་སྐར་མ་རིམ་པ་གསུམ་པ(སྐར་མ་རིམ་པ་གསུམ་པ་ཚུད་པ)ཡན་གྱི་མགྲོན་ཁང་ཚང་མར་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱས་པ། མཁའ་འགྲུལ་ཀུང་སི་དང་འགྲིམ་འགྲུལ་ཁེ་ལས་ཀྱིས་ཀྱང་སྤ་སེའི་རིན་གོང་ཕབ་ཡོད་པ་རེད། ས་གནས་དེ་གའི་ཡུལ་སྐོར་ལས་དོན་ཁང་ཁག་གིས་ད་དུང་ཁ་གསབ་སྲིད་ཇུས་བཏོན་ནས་དགུན་དུས་ཆབ་མདོར་ཡུལ་སྐོར་བྱེད་པར་དེ་བས་གྲོན་ཆུང་དང་དངོས་ཕན་ཐོབ་པར་བྱས་ཡོད།