འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་12ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཟླ་2ཚེས་12ཉིན། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་འཁྲབ་སྟོན་ལ་ལྟ་བ་དང་། ལྒང་བཞུ་ཚོན་ཁྲ་ཅན་ལ་ལྟ་བ། གབ་ལན་རྒྱག་པ། ཐང་ཡོན་ཟ་བ་བཅས་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ཁྲོད་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱས་པ་རེད།
དང་པོའི་བཅོ་ལྔའི་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཟླ་2ཚེས་11ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས“ཐང་ཡོན་བསྐྱལ་ནས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱེད་པའི”མི་སེམས་དྲོ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་འགན་འཁུར་བའི“ང་ཚོའི་དུས་ཆེན། དང་དང་པོའི་བཅོ་ལྔའི་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དང‘1+3’འདུ་ཤེས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན‘དགུན་དྲོའི་གཤམ་སྤེལ་དྲུག’གི་བྱེད་སྒོ”གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་ཡོད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡིས་གསེར་རྙེད་ཆུས་རྒན་གསོ་ཁང་དུ“ང་ཚོའི་དུས་ཆེན། དང་པོའི་བཅོ་ལྔའི་དུས་ཆེན”གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། རིག་རྩལ་འཁྲབ་སྟོན་དང་། སྨན་བཅོས་ཞབས་ཞུ། རིག་གནས་འགྲེམས་སྟོན་སོགས་ཀྱི་ནང་དོན་ཚུད་པའི་བྱེད་སྒོ་དེས་རྒན་གསོ་ཁང་གི་རྒན་རྒོན་ཚོར་དྲོ་སྐྱིད་དང་སྤྲོ་སྣང་ལྡན་པའི་དང་པོའི་བཅོ་ལྔའི་དུས་ཆེན་ཞིག་བཏང་བ་རེད།
ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས“སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་དང་པོའི་བཅོ་ལྔའི་དུས་ཆེན། སྲོལ་རྒྱུན་རིག་གནས་ལས་མི་སེམས་དྲོད—ང་ཚོའི་དུས་ཆེན། དང་པོའི་བཅོ་ལྔའི་དུས་ཆེན”གྱི་བྱེད་སྒོ་སྤེལ་ཞིང་། གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་ནས་ལོ་གསར་གྱི་རི་མོར་ལྟ་བ་དང་། གབ་ལན་རྒྱག་པ། ཐང་ཡོན་ཟ་བ། སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི་སྐོར་བྲོ་འཁྲབ་པ་སོགས་ཚུད་པའི་བྱེད་སྒོ་སྤེལ་བ་མཐོང་བྱུང་།
ཚེས་12ཉིན་གྱི་དགོང་མོ། མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཐང་ཆེན་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། “མཐའ་མཚམས་མི་དམངས་ཀྱིས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱེད”ཅེས་པའི་ཤོག་སྦག་སྤོར་བའི་བྱེད་སྒོ་སྤེལ་ནས་དགོང་མོའི་ཆུ་ཚོད་10པར་ཚོན་ཁྲ་ཅན་གྱི་ཤོག་སྦག་མཁའ་དབྱིངས་སུ་སྤར་བས་ཐང་ཆེན་ཡོངས་ལ་བཀྲག་མདངས་དེ་བས་འཚེར་བར་བྱས་ཡོད།