ཟླ་2ཚེས་12ཉིན་ནི་ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཡིན་པ་དང་། ཤིང་སྦྲུལ་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་བསུས་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་མཚན་ཚོགས་ཀྱང་དེ་དང་བསྟུན་ནས་འགོ་ཚུགས།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་མཚན་ཚོཌ་ཀྱི་ལྷ་སའི་ཡན་ལག་ཚོགས་ར་སྐད་གྲགས་ཆོད་རྗེས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དང་པོའི་བཅོ་ལྔའི་དུས་ཆེན་མཚན་ཚོགས་ཀྱིས་བོད་ལྗོངས་ལྷ་ས་འདི་ཉིད་སླར་ཡང་གར་སྟེགས་ཀྱི་དབུས་སུ་བཀྲག་མདངས་འཚེར་བར་བྱས།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དང་པོའི་བཅོ་ལྔའི་དུས་ཆེན་མཚན་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རའི་ཐོག་བཀྲ་ཤིས་ཕུན་ཚོགས་དང་ལིའུ་ཡུས་སོགས་ཀྱིས་འཁྲབ་སྟོན་བྱས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན《ཁྱད་ལྡན་གྱོན་ཆས་རྒྱུན་འཛིན》གྱིས་དམངས་ཡོངས་གླུ་ལེན་གར་འཁྲབ་བྱེད་པའི་ཚ་རླབས་གསར་པ་ཞིག་སླར་ཡང་འཕྱུར་བར་བྱས་ཡོད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
བཀྲ་ཤིས་ཕུན་ཚོགས་ཀྱིས“2019ལོར་ང་པེ་ཅིང་གི་ཚོགས་ར་གཙོ་བོར་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དང་དང་པོའི་བཅོ་ལྔའི་དུས་ཆེན་གྱི་མཚན་ཚོགས་ལ་ཞུགས་པ་ཡིན། ད་ལོ་ངས་ཕ་ཡུལ་གྱི་ཚབ་ཞུས་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དང་། དང་པོའི་བཅོ་ལྔའི་དུས་ཆེན་གྱི་མཚན་ཚོགས་ནང་ཞུགས་སྐལ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་ལ་སྤོབས་པ་ཡང་ཆེན་པོ་སྐྱེས་བྱུང”ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་འཁྲབ་ཁྲིད་པའི་ཚོགས་ཆུང་གིས་དང་པོའི་བཅོ་ལྔའི་དུས་ཆེན་མཚན་ཚོགས་ཀྱི་བརྩམས་ཆོས་བསྡུ་སྐབས། བཀྲ་ཤིས་ཕུན་ཚོགས་ཀྱི་འགྲེམ་སྤེལ་མ་བྱས་པའི་གཞས《ཁྱད་ལྡན་གྱོན་ཆས་རྒྱུན་འཛིན》ཞེས་པས་ཡིད་དབང་རབ་ཏུ་བཀུག་ནས། སྙན་འཇེབས་ལྡན་པའི་འགྱུར་ཁུག་དེ་ཤོམ་འགྲོས་དང་ཧ་ཅང་འཚམ་པོ་ཡོད་པས་ཤོམ་འགྲོས་པའི་ཉམས་འགྱུར་སྔར་བས་འཕེལ་ཐུབ་པའི་ངོས་འཛིན་བྱས།
དེར་བརྟེན་ཁོང་ཚོས་གྲགས་ཅན་གྱི་ཚིག་རྩོམ་མཁན་ཁོར་ཆིན་ཧྥུའུ་གདན་འདྲེན་ཞུས་ཏེ་ཚིག་རྩོམ་དུ་བཅུག་ནས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་རྒྱན་གོས་ཀྱི་ཁྱད་ཆོས་དང་དེ་བཞིན་ནམ་མཁའི་ལྷ་མོ་ལྟ་བུའི་འཁྲབ་སྟོན་པའི་ཤོམ་འགྲོས་ལ་བསྟོད་པའི་སྣང་ཚུལ་དེ་གླུ་གཞས་དེའི་ནང་མཉམ་འདྲེས་བྱས་ནས། དང་པོའི་བཅོ་ལྔའི་དུས་ཆེན་མཚན་ཚོགས་ཀྱི་བཀྲག་མདངས་འཚེར་སར་གྱུར་བ་བྱས་ཡོད།
མཚན་ཚོགས་འཚོག་ཡུལ་དུ་པེ་ཅིང་དང་། ཁྲུང་ཆིན། ཝུའུ་ཧན། ལྷ་ས། ཝུའུ་ཤིས་བཅས་ས་ཆ་ལྔའི་རོལ་མོ་བ་ཚོས་རང་རྒྱལ་གྱི་སྲོལ་རྒྱུན་རོལ་མོ《ཀུང་ཧྲང་ཅའོ་ཀྲེན་ཡུས》ཞེས་པ་མཉམ་དུ་དཀྲོལ་ཞིང་། གླིང་བུ་དང་གནའ་བོའི་སྒྲ་སྙན་སོགས་མི་རིགས་ཀྱི་རོལ་ཆ་སྣ་ཁ་དགུ་ཡིས་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་ཤེས་དཔལ་གྱི་ཉམས་འགྱུར་མཉམ་དུ་དཀྲོལ་ནས། ལོ་གསར་པའི་ནང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད།
ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་རིང་། ལྷ་སའི་ཡན་ལག་ཚོགས་རས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། ཚེ་བརྟན་དང་། རྡོ་རྗེ། བསྟན་འཛིན་རྣམ་རྒྱལ། ཚེ་རིང་རྡོ་རྗེ་བཅས་རོལ་ཆ་དཀྲོལ་མཁན་བཞི་ཡིས་སྲོལ་རྒྱུན་གྱི་བོད་ཆས་གྱོན་པ་དང་ལག་ཏུ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་གཞུང་གླིང་དང་། རྒོད་གླིང་། གླིང་བུ་བཅས་ལ་བརྟེན་ནས་བརྩེ་དུང་ཟབ་མོས་འཁྲབ་སྟོན་བྱས་ཏེ་ལྟད་མོ་བར་ཐུན་མོང་མ་ཡིན་པའི་ཉམས་སྣང་ཞིག་སྦྱིན་ཡོད། (བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)