“འབོ་གསེར་ཆེན་པོའི་མཉམ་ལས”ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱས་པ། 2024ལོའི་ཟླ་10ཚེས་22ཉིན་ནས་ཚེས་24ཉིན་བར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པ་ཨུ་རུ་སུར་འཚོགས་པ་དེ་ཐོག་ནས“འབོ་གསེར་ཆེན་པོའི་མཉམ་ལས”འགོ་ཚུགས་པ་མཚོན་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཟིལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན། ལོ་གཅིག་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྒོ་དབྱེ་ཁོང་ཡངས་མཉམ་ལས་ཀྱི་གྲོས་འགོ་བཏོན་གནང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་བརྒྱད་དང་། ཨ་རབ་རྒྱལ་ཁབ་དང“མཉམ་ལས་ཆེན་པོ་ལྔའི་རྣམ་པ”གཏོད་འགོ་བཙུགས་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་དང་། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་བཅས་ཁྱབ་བསྒྲགས་གནང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་རང་སྟོབས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོས་རྒྱུན་མཐུད་ལེགས་སྐྱེས་ཕུལ་ཡོད། ས་གནས་དེ་གའི་དུས་ཚོད་2024ལོའི་ཟླ་10ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁཱ་ཧྲན་འགྲེམས་ཚོགས་ལྟེ་གནས་སུ“འབོ་གསེར་+”ཀྱི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་པ་མ་ཟད། འགོ་བརྗོད་དུ《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད། འདི་ནི་གླེང་མོལ་ཚོགས་འདུར་ཞུགས་པའི་འབོ་གསེར་རྒྱལ་ཁབ་དང་དེ་བཞིན་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའམ་འཐུས་མི་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་མཉམ་པར་རྒྱག་བཞིན་པ།
ཡུག་རེན་གྱི་ཉམས་ཉེན་ནར་འགྱངས་ཕྱིན་པས་ཨུ་རུ་སུ་དང་ནུབ་ཕྱོགས་དབར་གྱི་གདོང་ཐུག་ཛ་དྲག་ཏུ་སོང་བ། 2024ལོའི་ཟླ་11ཚེས་19ཉིན། ཡུག་རེན་གྱིས་ཨ་རིས་བཟོས་པའི་འཕུར་མདེལ་ཐེངས་དང་པོར་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་ཀྱི་དམིགས་འབེན་གཙོ་བོར་འཇབ་རྒོལ་བྱས་པ་རེད། ཉིན་དེར་ཨུ་རུ་སུས་ཉིང་རྡུལ་འཇིགས་སྐུལ་ཐད་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་གསར་བརྗེས་བྱས་ནས་ནུབ་ཕྱོགས་ལ་ཐ་ཚིག་གསལ་པོ་བསྒྲགས་པ་རེད། ལོ་གཅིག་རིང་ཡུག་རེན་དམག་དཔུང་གིས་ཨུ་རུ་སུར་གློ་བུར་དུ་འཇབ་རྒོལ་བྱས་པ་དང་། ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་ཤར་ཕྱོགས་སུ་དཔུང་སྐྱོད་བྱས་པ། རྒྱང་འཕེན་མཚོན་ཆ་དང་ཕོན་ཆག་འབར་མདེལ་སྔ་རྗེས་སུ་གཡུལ་སར་གཡུགས་པ། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུག་རེན་ལ་མུ་མཐུད་མཚོན་ཆ་བསྐྱལ་བ་རེད། བྱང་ཆིངས་ཀྱིས་འཇམ་འཐབ་མཇུག་འགྲིལ་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་དམག་སྦྱོང་བྱས་པ་དང་འབྲེལ་སུའེ་ཏེན་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་བྱང་ཆིངས་མནའ་འབྲེལ་རྒྱ་སྐྱེད་ལེགས་གྲུབ་བྱུང་བ་རེད། ཨུ་རུ་སུ་དང་བྱང་ཆིངས་དབར་གྱི་འགལ་བ་དེ་བས་ཛ་དྲག་ཏུ་ཕྱིན་ཡོད། འདི་ནི་2024ལོའི་ཟླ་9ཚེས་10ཉིན་ཨུ་རུ་སུའི་མོ་སི་ཁོ་ཀྲོའུ་ལཱ་མན་སི་ཁོ་ཡེ་ནས་པར་བརྒྱབ་པའི་མི་མེད་གནམ་གྲུའི་འཇབ་རྒོལ་ཁྲོད་གཏོར་སྐྱོན་ཕོག་པའི་ཁང་པ་ཡིན་པ།
དཔྱིད་གསར་དུས་ཆེན་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ལེགས་གྲུབ་བྱུང་ནས་ཀྲུང་གོའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མངོན་པ། 2024ལོའི་ཟླ་12ཚེས་4ཉིན། “དཔྱིད་གསར་དུས་ཆེན། ཀྲུང་གོ་བས་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ཀྱི་ལག་ལེན”དེ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་ཀྱི་མིང་གཞུང་ནང་ཚུད་པ་རེད། ཀྲུང་གོའི་རིག་གནས་ཀྱི་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོར་འཛམ་གླིང་ཐོག་རྒྱབ་སྐྱོར་དེ་བས་མང་བ་ཐོབ་ཡོད། 2024ལོའི་ཟླ་12ཚེས་4ཉིན། ཕ་རུ་ཀུའེ་ཡི་ཨེ་སུན་སིན་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་སྐབས་19པའི་རྒྱུན་ལས་ཚོགས་འདུའི་ཞིབ་དཔྱད་བྱ་ཡུལ་དུ་བརྙན་ཤེལ་ཆེན་པོའི་ནང་དཔྱིད་གསར་དུས་ཆེན་དྲིལ་བསྒྲགས་ཀྱི་བརྙན་ལམ་སྟོན་བཞིན་པ།
སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་དྲག་ཆས་སྟོབས་ཤུགས་ཀྱིས་པཱ་ཧྲར་སྲིད་གཞུང་མགོ་རྟིང་བསློགས་པ། 2024ལོའི་ཟླ་12ཚེས་8ཉིན། “སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་སྟོབས་ཤུགས”སོགས་དྲག་ཆས་རྩ་འཛུགས་ཀྱིས་མྱུར་རྒོལ་ཐོག་ནས་རྒྱལ་ས་ཏ་མ་སི་ཁུ་བཙན་བཟུང་བྱས་ཏེ། པཱ་ཧྲར·ཨ་ས་ཏེས་འགོ་ཁྲིད་བྱས་པའི་སི་རི་ཡའི་སྲིད་གཞུང་མགོ་རྟིང་བསློགས་པས་ལོ་13རྒྱུན་མཐུད་བྱས་པའི་སི་རི་ཡའི་ནང་འཁྲུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། དབྱི་སི་རལ་གྱིས་འཕྲལ་མར་ཀེ་ལན་མཐོ་སའི་སི་རི་ཡའི་ཚོད་འཛིན་ཁུལ་བཙན་བཟུང་བྱས་ནས་སི་རི་ཡའི་དམག་དོན་དམིགས་འབེན་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་རེད། སི་རི་ཡའི་དུས་བབ་ལ་གློ་བུར་དུ་འགྱུར་ལྡོག་བྱུང་བས། ས་ཁུལ་རྒྱལ་ཁབ་དང་ས་ཁོངས་ཕྱི་རོལ་གྱི་རྒྱལ་ཁབ་ཆེན་པོའི་འཐབ་འགྲན་ཛ་དྲག་ཏུ་ཕྱིན་ཏེ། འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་དེ་བས་ཆེ་བ་བྱུང་ཡོད། འདི་ནི་2024ལོའི་ཟླ་12ཚེས་8ཉིན། སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུར་པར་བརྒྱབ་པའི་འབར་གས་བྱས་རྗེས་དུ་ནག་ལང་ལོང་དུ་འཕྱུར་བའི་རྣམ་པ་ཡིན་པ།
ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ལས་ས་ཁུལ་གྱི་ཛ་དྲག་དུས་བབ་ཚབས་ཆེ་རུ་ཕྱིན་པ། 2024ལོའི་ཟླ་12ཚེས་16ཉིན་བར། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བས་ཕ་ལེ་སི་ཐན་གྱི་མི་ཁྲི་4.5ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་10ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་གདོང་ཐུག་ཐོན་ནས་ཟླ་བ་14སོང་ཚུན། ཅ་ཧྲ་ལ་འབར་མདེལ་གཡུགས་ནས་ཞིག་རོར་གྱུར་པ་དང་གྲོང་མི་ཁྲི་200བཀག་སྡོམ་དང་དམག་འཁྲུག་གི་མུ་གེའི་ཁྲོད་ལུས་ནས་མི་ཆོས་རིང་ལུགས་ཀྱི་མཐའ་ཚད་ལས་ཡང་ཡང་བརྒལ་ཡོད་པ་རེད། ཕ་ལེ་སི་ཐན་དང་དབྱི་སི་རལ་དང་། ལེ་པ་ནོན་དང་དབྱི་སི་རལ། དབྱི་རག་དང་དབྱི་སི་རལ། རྒྱ་མཚོ་དམར་པོ་བཅས་ཀྱི་ཛ་དྲག་དུས་བབ་ཚབས་ཆེ་རུ་ཕྱིན་ཡོད། ཨ་རིས་དབྱི་སི་རལ་ལ་མཚོན་ཆ་བསྟུད་མར་བསྐྱལ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅ་ཧྲ་དང་འབྲེལ་བ་ཡོད་པའི་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱ་རྒྱུར་རང་འདོད་མཐའ་སྐྱེལ་གྱིས་བཀག་འགོག་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒོལ་གཏམ་དྲག་པོ་ཕོག་ཡོད། འདི་ནི་2024ལོའི་ཟླ་12ཚེས་23ཉིན་ཕ་ལེ་སི་ཐན་གྱི་བྱིས་པས་ཅ་ཧྲ་གྲོང་དུ་བཟའ་བཅའ་ལེན་བཞིན་པ།