1997ལོར། ནག་ཆུ་ས་ཁུལ་སྨན་རྫས་ལྟ་འདོམས་ཅུས་སུ་ལས་ཀར་ཡོད་པའི་བློ་རྒྱལ་སོག་རྫོང་རྒྱལ་ཆེན་ཤང་དུ་དབུལ་སྐྱོར་ལས་དོན་སྤེལ་བར་བཏང་། ཁོང་གིས་ལས་རོགས་ཀྱི་སྣེ་ཁྲིད་དེ“གཏན་འཁེལ་བཞི་དང་མིང་རྟགས་གཅིག”གི་དབུལ་སྐྱོར་ལས་དོན་གྱི་བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱས་ཏེ། དུད་ཚང་དབུལ་པོ་ཚང་མར་དོ་དམ་བྱེད་མཁན་དང་དམ་འཛིན་བྱེད་མཁན་ཡོད་པར་བྱས་ཡོད། རང་སྐྱོང་ལྗོངས་དང་ས་ཁུལ་རིམ་པའི་དབུལ་སྐྱོར་ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་སྐབས། ལས་རོགས་ཀྱིས་ཁོང་ལ་མཐེ་བོང་བསྒྲེངས་ནས་ཡག་པོ་འདུག་ཅེས་བརྗོད་སྐབས། ཁོང་གིས“དེ་ནི་ངས་བྱེད་འོས་པ་ཞིག་ཡིན་པས་ངོམ་རིན་མེད”ཅེས་བཤད།
ནག་ཆུ་ས་ཁུལ་སྨན་རྫས་ལྟ་འདོམས་ཅུས་ནས་རྒན་ཡོལ་ཞུས་ནའང་ཁོང་གིས་ཕ་ཡུལ་གྱི་མང་ཚོགས་སེམས་ལ་བཅངས་ཡོད། “ཕ་ཡུལ་ལྷ་རི་རྫོང་རྫ་འབི་ཤང་དུ་ལོག་རིམ་བཞིན་དེ་གའི་མང་ཚོགས་ཀྱི་འབབ་ཁུངས་གཅིག་ལས་མེད་པས་གོ་སྐབས་ཡོད་ན་ངེས་པར་དུ་ཕ་ཡུལ་དུ་ལོག་ནས་མང་ཚོགས་རྣམས་ཕྱུག་འགྱུར་ལམ་དུ་ཁྲིད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།
2014ལོར། བློ་རྒྱལ་གྱིས་རྒན་ཡོལ་གྱི་ཁོམ་པ་བློས་བཏང་ནས་ཕ་ཡུལ་དུ་ལོག་སྟེ་ཡུལ་མི་ཚོར་བྱ་བ་འགའ་སྒྲུབ་རྒྱུའི་ཐག་བཅད། ཁོང་གིས་བསམ་ཚུལ་དེ་ནང་མིར་བརྗོད་སྐབས། ནང་མིས་རྒྱབ་སྐྱོར་བྱས་མེད། ནང་མིས་གཅིན་སྙི་ཟག་ཁུའི་ནད་དང་། ཁྲག་ཤེད་དང་ཁྲག་ཚིལ་མཐོ་བ་སོགས་ཀྱི་ནད་གཞི་ཡོད་པའི་བློ་རྒྱལ་གྱིས་སྨན་བཅོས་བྱས་ནས་ཚེ་མཇུག་བདེ་ལ་རོལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་བསམ་ཚུལ་མཐའ་འཁྱོངས་ཀྱིས་ཁ་བཤད་ལག་བསྟར་བྱས་ཏེ། རང་ཉིད་ཀྱི་གསོག་དངུལ་ཚང་མ་ཁྱེར་ནས་གྲོང་ཚོར་ལོག་སྟེ། རྫ་འབི་ཤང་གི་གྲོང་ཚོ་དང་པོར་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་བཙུགས།
མཉམ་ལས་ཁང་བཙུགས་པའི་ཐོག་མའི་དུས་སུ་མང་ཚོགས་ཀྱི་ཧུར་སེམས་ཆེན་པོ་མེད་པ་དང་མཉམ་ལས་ཁང་དུ་ཞུགས་མཁན་ཉུང་ཤས་ལས་མེད། ཁོང་གིས་ལོ་ན་རྒས་པ་དང་གཟུགས་པོའི་རྨང་གཞི་ཞན་པར་མི་བལྟོས་པར་ཁྱིམ་ཚང་རེ་རེར་བཅར་འདྲི་བྱས་ནས་བསམ་བློའི་སློབ་གསོ་བརྒྱབ། ཟླ་བ་འགའི་རིང་ལ་ངང་རྒྱུད་རིང་པོས་སློབ་གསོ་བརྒྱབ་པ་དང་ལས་ཀ་བྱས་པ་བརྒྱུད། མཉམ་ལས་ཁང་ལ་ཞུགས་མཁན་རིམ་བཞིན་མང་དུ་ཕྱིན། འོན་ཀྱང་ཡུན་རིང་མ་སོང་བར་གནད་དོན་གསར་པ་སླར་ཡང་ཐོན་པ་སྟེ། མཉམ་ལས་ཁང་གི་དཔལ་འབྱོར་ཕན་འབྲས་ཡག་པོ་མེད་པ་དང་དེ་དང་ཆབས་ཅིག་ཁོང་མི་སྒེར་ལ་གླེང་ཕྱོགས་མང་པོ་ཐོན་ཡོད། དེའང་མི་ལ་ལས་ཁོང་གིས་དེ་ལྟར་བྱེད་དོན་ནི་རང་ཉིད་ལ་ཡོང་འབབ་དང་མིང་གྲགས་ཐོབ་ཆེད་རེད་ཅེས་དང་། ཡང་ལ་ལས་ཁོང་ནི་མི་བྱེད་དགུ་བྱེད་བྱེད་མཁན་ཞིག་རེད་ཅེས་ཤོད་ཀྱི་ཡོད།
བློ་རྒྱལ་གྱིས“སྐད་ཆ་དེ་དག”ལ་སྣང་འཇོག་གཏན་ནས་མ་བྱས་པར་སྔར་བཞིན་ཉིན་ལྟར་མཉམ་ལས་ཁང་གི“ལས་དོན་སྣ་ཚོགས”ལ་བྲེལ་བཞིན་ཡོད། ཁོས་གིས“བསམ་བློ་མ་ཉམས་ན་ཐབས་ཤེས་དཀའ་ངལ་ལས་མང་བ་ཡོད། གུང་ཁྲན་ཏང་མི་དཀའ་ངལ་ལ་ག་ལ་སྐྲག་སྲིད”ཅེས་བརྗོད།
ལོ་འགའི་རིང་། བློ་རྒྱལ་ནག་ཆུ་དང་ལྷ་སར་ཐེངས་མང་བསྐྱོད་ནས་རྣམ་གྲངས་འབྲེལ་མཐུད་དང་འགྲོ་ལུགས་གཉེར་བས་མཉམ་ལས་ཁང་གི་གཙོ་གཉེར་ལས་གཞི་དེ་འོ་མའི་ཐོན་རྫས་ཁོ་ན་བཟོ་བ་དང་ཕྱིར་ཚོང་བྱེད་པ་ནས་མི་རིགས་ལག་ཤེས་ཐོན་རྫས་ཐོན་སྐྱེད་དང་། རྒྱུན་ལྡན་གྱི་འཚོ་བའི་མཁོ་ཆས་སྡེབ་ཚོང་། ཞིང་འབྲོག་པའི་ཨར་ལས་རུ་ཁག་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་བཏང་ཞིང་། བཙུགས་པའི་ལོ་དེར་ཡོང་འབབ་མེད་པ་ནས་2016ལོར་ཡོང་འབབ་སྒོར་ཁྲི་12དང་། 2017ལོར་ཡོང་འབབ་སྒོར་ཁྲི་30 དེ་ནས་2022ལོར་ཡོང་འབབ་སྒོར་ཁྲི་70 དེ་ནས་ཡང་2023ལོར་ཡོང་འབབ་སྒོར་ཁྲི་72བར་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་ཤུགས་ཆེན་བྱས་ཡོད།
དེ་དང་ཆབས་ཅིག ནག་ཆུ་གྲོང་ཁྱེར་ལས་བྱེད་པ་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཡིན་པའི་བློ་རྒྱལ་གྱིས་ད་དུང་དྲིལ་བསྒྲགས་སྒྲོག་འགྲེལ་གྱི་ལས་འགན་སྣ་ཚོགས་བསྒྲུབས་ཤིང་། ཁོང་གིས་རྫ་འབི་ཤང་གི་སྲིད་འཛིན་གྲོང་ཚོ་བདུན་དང་དགོན་པ་སོགས་ལ་བསྐྱོད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་དེ་བཞིན་ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་སྒྲོག་འགྲེལ་ཧུར་ཐག་བྱས་ཡོད། ཉེ་བའི་ལོ་ལྔའི་རིང་། རིམ་རྩིས་བརྒྱབ་ན། བློ་རྒྱལ་གྱིས་ཁྱོན་བསྡོམས་དྲིལ་བསྒྲགས་སྣ་ཚོགས་ཐེངས་100ལྷག་ཙམ་བྱས་པ་རེད།
ན་ནིང་། བློ་རྒྱལ་ལ“རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་ཅིང་། “སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ང་ཚོ་བློ་མཐུན་རྒན་གྲས་ཀྱི་འཐུས་མི་རྣམས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་ནི་ང་ཚོ་ལས་བྱེད་པ་རྒན་གྲས་ཚོར་ཁས་ལེན་གང་ལེགས་གནང་བ་ཞིག་རེད། གཟི་བརྗིད་དེ་ང་རང་ཉིད་ལ་དབང་བ་མ་ཟད། ང་ཚོ་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་མཉམ་སྡེབ་ལ་དེ་བས་ཀྱང་དབང་བ་ཞིག་རེད། དེ་ལས་ང་ཚོས་སྔོན་ཆད་བློས་གཏོང་བྱས་པ་དེ་ཏང་དང་མི་དམངས་ཀྱིས་གཏན་ནས་བརྗེད་གནང་མེད་པ་ངས་ཤེས་བྱུང”ཞེས་བློ་རྒྱལ་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བརྗོད།
བློ་རྒྱལ་གྱིས་རྟག་ཏུ་ལུའེ་ཧྥུང་གི་གསུང་ཚིག་གྲགས་ཅན་ཏེ“མིའི་ཚེ་སྲོག་ནི་ཚད་ཡོད་ཡིན་མོད། འོན་ཀྱང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཚད་མེད་ཡིན་པས། ངས་ཚད་ཡོད་ཀྱི་ཚེ་སྲོག་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་འཇོག་གི་ཡིན”ཞེས་བརྗོད་ཀྱི་ཡོད། ཁོང་གིས་བློ་མཐུན་ལུའེ་ཧྥུང་ལ་སློབ་སྦྱོང་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་མུ་མཐུད་ནས་ནུས་པ་ལྷག་མ་བཏོན་ཏེ། གྲོང་གསེབ་དར་རྒྱས་དང་། བརྟན་ལྷིང་སྲུང་སྐྱོང་། མི་རབས་རྗེས་མར་སེམས་ཁུར་བྱེད་པ་སོགས་ཀྱི་ལས་ཀའི་ཁྲོད་དུ་ཡང་བསྐྱར་མི་ཚེའི་ཉམས་འགྱུར་མངོན་པ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།