《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月12日

ལས་གནས་བརྟན་པོར་བསྲུངས། ཞབས་འདེགས་ཧུར་ཐག་ཞུས།

—— འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་ལྟ་སྲུང་བ་ཡོད་པའི་མེ་འཁོར་བབས་ཚུགས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་གཏམ་རྒྱུད།

འདི་ནི་ཨ་མདོ་བབས་ཚུགས་ནས་ཐོན་ཉེར་ཡོད་པའི་མེ་འཁོར་ཡིན་པ།

ཟླ་2ཚེས་9ཉིན། ཨ་མདོ་བབས་ཚུགས་སུ་འགྲུལ་སྐྱེལ་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཧའེ་པོ་བབས་ཚུགས་མདུན་གྱི་ཐང་ཆེན་དང་། མེ་འཁོར་སྒུག་ཁང་། སྒུག་སྟེགས་བཅས་སུ་དམིགས་བསལ་གྱི་འགྲུལ་པ་བབས་ཚུགས་སུ་སྐྱེལ་རོགས་དང་། ལམ་སྟོན་བྱེད་རོགས། འགྲུལ་པའི་བློ་འདྲིར་ངང་རྒྱུད་རིང་པོས་ལན་འདེབས་པ་བཅས་བྱས་ཏེ། འགྲུལ་པ་ཚང་མ་བདེ་འཇགས་དང་བདེ་བླག་ངང་ཕྱོགས་ཁག་ལ་ཐོན་ཐུབ་པ་བྱེད་བཞིན་མཆིས།

ཨ་མདོ་བབས་ཚུགས་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཁོངས་སུ་གནས་པ་དང་། ས་བབ་མཐོ་ཚད་སྨི་4702ཟིན་པའི་བབས་ཚུགས་འདི་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་བབས་ཚུགས་ཤིག་དང་ལྟ་སྲུང་བྱེད་མཁན་ཡོད་པའི་མེ་འཁོར་འབབ་ཚུགས་ཤིག་རེད། བབས་ཚུགས་སུ་ཁྱོན་བསྡོམས་ལས་བཟོ་6ཡོད་པ་དང་། དམིགས་བསལ་གྱི་གནས་ཚུལ་ཕུད་མི་3རེས་ཚོགས་ཆུང་གཅིག་བྱས་ཏེ་ཟླ་རེར་སྡོད་བྱ་རེས་སྐོར་བྱེད་ཀྱི་ཡོད། 2006ལོའི་ཟླ་7པར་ཨ་མདོ་བབས་ཚུགས་སྤྱོད་འགོ་ཚུགས་ཚུན། “ལྟ་སྲུང་བ”ཁག་རེ་རེས་ལས་གནས་བརྟན་པོར་བསྲུངས་ཏེ་མཚོ་བོད་ལྕགས་ལམ་གྱི་ལྷིང་འཇགས་དང་བདེ་བགྲོད་འགན་སྲུང་བྱས་ཡོད།

སྔ་དྲོའི་ཆུ་ཚོད་10:24ལ། ཧྲང་ཧའེ་ནས་ལྷ་ས་བར་གྱི་མེ་འཁོར་Z165ཨ་མདོ་བབས་ཚུགས་སུ་ཁ་བཀག་སྐབས། འཁོར་སྒྲོམ་ནང་གི་འགྲུལ་པ་གཅིག་རྗེས་གཉིས་མཐུད་ངང་ཕྱིར་བསྐྱོད་ནས་པར་རྒྱག་པ་དང་། སྐད་འཕྲིན་བརྙན་ལམ་སྐུར་བ། འཆམ་འཆམ་བྱེད་པ་སོགས་བྱེད་ཀྱི་ཡོད།

“འགྲུལ་པ་ཚང་མ་གང་མགྱོགས་སོ་སོའི་འཁོར་སྒྲོམ་དུ་ལོག་རོགས། འཁོར་སྒྲོམ་གྱི་སྒོ་བརྒྱབ་ཉེར་ཡོད” མི་ཚང་མ་བདེ་འཇགས་ངང་འཁོར་སྒྲོམ་ནང་དུ་འཛུལ་ཟིན་རྗེས། ཆུ་ཚོད་10:44ལ་ཀྲང་ཧའེ་པོས་སྒུག་སྟེགས་ཀྱི་དྲིལ་བརྡ་མནན་པ་སྦྲགས། དེ་མ་ཉིད་དུ་མི་ཚོགས་ཀྱིས་ཁེངས་པའི་སྒུག་སྟེགས་དེའང་ལྷིང་འཇགས་སུ་གྱུར་ནས། མེ་འཁོར་གཏོང་འགོ་ཚུགས་པའི་དུང་བརྡ་དང་ངོ་གདོང་ལ་ལྡང་བའི་གྲང་རླུང་གི་འུར་སྒྲ་ལས་གཞན་ཅི་ཡང་མེད་པར་གྱུར།

ཀྲང་ཧའེ་པོ་དང་འགྲུལ་སྐྱེལ་པ་ལི་ཝུན་ཀང་གིས་རིམ་བཞིན་རྒྱང་རིང་དུ་བཞུད་པའི་མེ་འཁོར་ལ་མིག་གིས་སྐྱེལ་མ་ཞུས་ཤིང་། སྐར་མ་གཉིས་རིང་ཁོང་གཉིས་ཀྱི་ཀྲོང་ངེར་ལངས་པའི་ལུས་པོ་དང་བློ་རྩ་བརྟན་པའི་ངོ་གདོང་ལས་ལས་གནས་བརྟན་སྲུང་གི་རྣམ་འགྱུར་དང་བདེ་འཇགས་འགན་ལེན་བྱེད་པའི་ཆོད་སེམས་ཤིག་མངོན་གྱི་འདུག

“མེ་འཁོར་འདི་བབས་ཚུགས་སུ་སྔ་པོ་འབྱོར་སོང་། འདི་གར་དུས་ཡུན་རིང་ཙམ་སྡོད་དགོས་རྐྱེན། སྒུག་སྟེགས་སུ་འཆམ་འཆམ་བྱེད་མཁན་འགྲུལ་པ་དེ་སྔ་ལས་མང་བ་འདུག མེ་འཁོར་དེའི་ནང་གི་འགྲུལ་པ་ཕལ་ཆེ་བ་གཞོན་ནུ་རེད་འདུག་པས་བོད་དུ་ཡུལ་སྐོར་ལ་འགྲོ་མཁན་ཡིན་པ་འདྲ”ཞེས་མེ་འཁོར་ཐོན་རྗེས། གསར་འགོད་པ་དང་མཉམ་དུ་མེ་འཁོར་སྒུག་ཁང་དུ་ལོག་སྐབས་ཀྲང་ཧའེ་པོ་ཡིས་དེ་ལྟར་བཤད། ཀྲང་ཧའེ་པོ་ལ་མཚོན་ན་འདི་ཉིན་ནི་ལས་གནས་རེས་སྐོར་གྱི་ལས་ཀ་ཉིན་དང་པོ་རེད། མ་གཞི་ཨ་མདོ་བབས་ཚུགས་སུ་ལས་ཀ་བྱས་ནས་ལོ་བཞི་སོང་མོད། ཁོ་པར་སྔར་བཞིན་ལ་དུག་བརྒྱབ་ནས་ངོ་གདོང་སྐྱ་བོ་དང་མཆུ་ཏོ་སྨུག་པོར་གྱུར་ནས་སྐད་ཆ་ཤོད་སྐབས་ཀྱང་ཤུགས་མེད་པར་གྱུར།

“དཔྱིད་གསར་དུས་ཆེན་གྱི་གནམ་གང་གི་སྔ་ནུབ་ཏུ། དུས་བདེ་དང་། འཆམ་མཐུན། དྲོ་སྐྱིད་བཅས་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན་ཞིག་གཏོད་ཆེད། ང་ཚོའི་བབས་ཚུགས་ཀྱིས་རྫོང་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་དང་མཉམ་དུ་མེ་འཁོར་བབས་ཚུགས་སུ། དཔྱིད་གསར་བསུ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། དུས་མཚུངས་སུ་སྐབས་དང་དུས་ལ་བསྟུན་ནས་ལོ་གསར་གྱི་མཛེས་རྒྱན་སྟབས་བདེ་འགའ་སྤྲས་པ་ཡིན”ཞེས་ལས་དོན་པ་ལི་ཝུན་ཀང་གིས་བཤད།

གསར་འགོད་པས་སྤ་སེ་འཚོང་མཁན་ཕེང་མེན་གྱི་ངོ་སྤྲོད་ལས་ཤེས་རྟོགས་བྱུང་བར། འགྲུལ་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་ཆེད། ཨ་མདོ་བབས་ཚུགས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ། མེ་འཁོར་སྒུག་ཁུལ་གྱི་རྐུབ་སྟེགས་དང་། གློག་སྒྲོན། འཐུང་ཆུའི་འཕྲུལ་ཆས་སོགས་ལ་ཞིབ་བཤེར་དང་ཉམས་བཟོ་བྱས་པ་དང་། གྱང་ལ་དཀར་རྩི་བསྐྱར་དུ་བྱུགས་པ་དང་སྟོན་རྟགས་འཐུས་སྒོ་ཚང་དུ་བཏང་ནས་བཀོད་པ་ལེགས་སུ་གཏོང་བ། དྲོད་ལེན་སྒྲིག་བཀོད་ལེགས་སུ་བཏང་སྟེ་དྲོད་སྙོམས་འཕྲུལ་ཆས་དང་དྲོད་རླངས་གཉིས་ཀ་ནས་དྲོད་གཏོང་བ། བབས་ཚུགས་སུ་སྐྱོད་སར“ཐོགས་མེད་བགྲོད་ལམ”བཟོས་ནས་རྒན་རྒོན་དང་། ཕྲུ་གུ ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་གཙོ་གནད་འགྲུལ་པ་དང་དེ་བཞིན་ཛ་དྲག་གི་འགྲུལ་པ་རྣམས་ཀྱི་སྤ་སེ་སྔོན་ལ་བཤེར་བ་དང་བདེ་འཇགས་ཞིབ་བཤེར་གྱི་ཞབས་འདེགས་སྔོན་ལ་ཞུ་བ། VIPམེ་འཁོར་སྒུག་ཁང་གི་ནུས་པ་བཏོན་ཏེ་གཟུགས་པོ་མི་བདེ་བའི་འགྲུལ་པར་ངལ་གསོའི་ཁོར་ཡུག་མཁོ་འདོན་དང་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་ཀྱི་ཡོད་པ་རེད།

“མེ་འཁོར་བབས་ཚུགས་སུ་སླེབས་ཉེར་ཡོད་པས་འགྲུལ་པ་རྣམས་བང་ཡག་པོ་སྒྲིག་ཏུ་བཅུག་ནས་བདེ་འཇཌ་ལ་ཞིབ་བཤེར་བྱེད་དགོས” ཉིན་དགུང་གི་ཆུ་ཚོད་12:45ལ། ཀྲང་ཧའེ་པོ་དང་བཅས་པ་མི་གསུམ་གྱིས་སླར་ཡང་རྣམ་ཀུན་ལྟར་མེ་འཁོར་བབས་ཚུགས་ཀྱི་འགན་སྲུང་ལས་དོན་ཁག་ཚུགས་ཚུད་དུ་སྒྲུབ་འགོ་ཚུགས།

བབས་ཚུགས་ནང་གི་སྒྲིག་ཆས་ལ་ཞིབ་བཤེར་དང་། སྤ་སེ་འཚོང་བཤེར། ལམ་སྟོན། མེ་འཁོར་ཁ་བཀག་རྒྱུར་ཁྲིད་སྟོན། སྐོར་གཡེང་ཞིབ་བཤེར་སོགས་སྐར་མའི་སྐར་གྲལ་མ་འགྲིག་བར་དུ། ཉིན་གཅིག་ནང་མི་གསུམ་གྱིས་ཨ་མདོ་བབས་ཚུགས་སུ་བྲེལ་བརྩོན་ཆེན་པོས་རང་འགན་ལེགས་པར་སྒྲུབ་ཀྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་1ཚེས་14ཉིན་ནས་ཟླ་2ཚེས་9ཉིན་བར། ཨ་མདོ་བབས་ཚུགས་ནས་བསྡོམས་འགྲུལ་པ་3957སྐྱེལ་བ་དང་འགྲུལ་པ་2932འབྱོར་ཡོད་པ་རེད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་བསྟན་བཟང་གིས་ཞུས)