ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་
ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་བཏོན་ནས་ས་ཡོམ་
གེགས་ཁུལ་གྱི་བསྐྱར་སྐྲུན་ལ་རམ་འདེགས་བྱེད་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་9ཉིན་གནས་ཚུལ་འབྱོར་གསལ། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་ཁག་25བཏོན་པའི་རྨང་གཞིའི་ཐོག ཉེ་ཆར། ཁྱད་པར་ཅན་གྱི་ཡིད་རྟོན་དངུལ་བུན་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་8སྔར་བས་ཞིབ་ཚགས་པོས་བཏོན་ཏེ། གེགས་ཁུལ་གྱི་མི་དམངས་མང་ཚོགས་དང་གཉེར་སྐྱོང་བྱེད་པོར་ཁྱིམ་གཞིས་བསྐྱར་སྐྲུན་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྱད་པར་ཅན་གྱི་ཡིད་རྟོན་དངུལ་བུན་གཏོང་བའི་སྲིད་ཇུས་ཁག་8པོའི་ནང་ཡིད་རྟོན་དངུལ་བུན་གཏོང་བའི་ཐོན་ཁུངས་གཟིགས་སྐྱོང་དང་། ཐོགས་མེད་ཞབས་ཞུའི་བགྲོད་ལམ། དམིགས་བསལ་དཀའ་ངལ་སེལ་བའི་རོགས་སྐྱོར། ཆེད་གཏོགས་ཐོན་རྫས་རྒྱབ་སྐྱོར་སོགས་ཕྱོགས་མང་པོར་ཁྱབ་ཡོད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གེགས་རྗེས་བསྐྱར་སྐྲུན་གྱི་ཡིད་རྟོན་དངུལ་བུན་གཏོང་བའི་མ་དངུལ་གྱི་དགོས་མཁོ་གྲངས་ཚང་འགན་སྲུང་བྱས་ནས། ཡིད་རྟོན་དངུལ་བུན་གཏོང་བའི་མ་དངུལ་གཙོ་གནད་ཐོག་གནོད་འཚེ་ཕོག་ཚབས་ཆེ་བའི་ས་ཁུལ་དང་ལས་རིགས་ལ་ཕྱོགས་ནས། གེགས་རྗེས་བསྐྱར་སྐྲུན་དང་ཐོན་སྐྱེད་སླར་གསོའི་ཆེད་དོན་དངུལ་བུན་གྱི་གྲངས་བཅད་འདང་ངེས་ཡོང་བར་འགན་ལེན་བྱས་ཡོད། “དམིགས་བསལ་བྱ་བ་དམིགས་བསལ་སྒྲུབ་པ་དང་འཕྲལ་མཁོའི་བྱ་བ་འཕྲལ་དུ་སྒྲུབ་པའི”རྩ་དོན་མཐའ་འཁྱོངས་བྱས་ནས། གནོད་འཚེ་ཕོག་མཁན་དང་གེགས་རྗེས་བསྐྱར་སྐྲུན་ནང་ཞུགས་མཁན་ཚན་པ་དང་མི་སྒེར་ལ“ཐོགས་མེད་ཞབས་ཞུའི་བགྲོད་ལམ”བཏོད་པ་རེད།