《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月09日

༄༅ དཔྱིད།

—— འདྲུ་བཀྲ་ཤིས་རྒྱལ།

བསིལ་རླུང་འཇམ་པོ་དལ་གྱིས་ལྡང་བ་ན། །

སེམས་ཀྱི་མགྲོན་པོ་བདེ་དགའི་དཔལ་དུ་དེངས། །

དཔྱིད་ཀྱི་ཕོ་ཉ་ཡང་ནི་མོན་ནས་བྱོན། །

སྣ་ཚོགས་རྩི་ཤིང་དག་ཀྱང་ལྡེམ་ལྡེམ་གཡོ། །

ཟམ་ཟིམ་སྦྲང་ཆར་བསིལ་མའི་རྫིང་བུ་ན། །

རྡུལ་གྱིས་སྦགས་པའི་ས་གཞི་ཁྲུས་སུ་ཞུགས། །

སྔོ་ལྗང་མྱུ་གུ་མགོ་བོ་འབུས་པ་ན། །

གྲངས་མེད་སྲིན་འབུའི་ཚོགས་ཀྱང་འདུ་ཞིང་འདུ། །

གངས་ཆར་སྨུག་པས་རི་བོ་བསྙིལ་བར་བྱས། །

རང་བྱུང་གཤིས་ཀྱིས་མི་སེམས་མྱོས་པར་གྱུར། །

དཔྱིད་ཉི་རིང་མོ་དལ་གྱིས་རྒྱུ་བས་ཀྱང་། །

ལས་ཞུགས་ཀུན་ལ་ཁོམ་པའི་དུས་ཚིགས་སྦྱིན། །

གཙང་ཆབ་ལྡེམ་པོར་གཡོ་བ་གར་མཁན་མའི། །

ཤང་ཤང་ངག་གི་འགྱུར་ཁུག་རྣ་བའི་བཅུད། །

བརྒྱད་ལྡན་བདུད་རྩིའི་གངས་ཆུ་བསིལ་མ་ཡང་། །

ལྷད་མེད་རང་བྱུང་བཏུང་བ་མཆོག་འགྱུར་ཞིག །

སྔོ་ལྗང་འདབ་ལོ་གཡོ་ཞིང་འཛུམ་པ་ཡང་། །

གེ་སར་གཡུ་ལོ་དགའ་བའི་སྟངས་སྟབས་ཏེ། །

ཕྱེ་ལེབ་གཤོག་པའི་དབྱངས་ཀྱི་ང་རོ་ལ། །

འདི་སྣང་དཔལ་གྱིས་མྱོས་པའི་ཟློས་གར་ཙམ། །

དཔྱིད་ཀྱི་ཕོ་ཉས་འགྲོ་བའི་སྙན་དབང་ནི། །

གཡེང་བ་མེད་པར་ཏིང་འཛིན་དཔལ་དུ་བཞག །

ལས་ཞུགས་རྣམས་ཀྱི་དཀའ་བའི་ཁུར་པོ་ཡང་། །

གསུང་དབྱངས་སྙན་པས་རྣམ་པར་ཞི་བར་བྱས། །

མེ་ཏོག་རྩྭ་དང་ལྗོན་ཤིང་རིམ་གྱིས་རྒྱས། །

ནམ་མཁའ་རླུང་དང་ཆུ་མོ་དྭངས་ཤིང་གཙང་། །

འདི་ཚེ་སྐབས་གསུམ་གནས་ཀྱང་སྐྱེངས་པ་སྟེ། །

ཚིམ་པ་མེད་པ་ཕུན་ཚོགས་དཔྱིད་ཀྱི་དཔལ། །