《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月09日

༄༅ ང་དང་དཔྱིད་ཀ།

—— གྲོང་གསེབ་བུ་མོ།

སྐྱི་བསེར་རླུང་བུའི་བྲོ་གར་རིམ་གྱིས་འཇགས། །

སྲིན་འབུའི་ཚོགས་ཀྱིས་དགའ་བའི་བྲོ་གར་འཁྲབ། །

ནམ་མཁའི་བྱ་བྱིའུ་སྐྱིད་པའི་གླུ་དབྱངས་ལེན། །

འགྲོ་དྲུག་བདེ་ཞིང་སྐྱིད་པའི་གར་ལ་རྩེན། །

ཁ་བའི་མེ་ཏོག་ས་གཞིའི་གྲོགས་སུ་བྱོན། །

རྩི་ཤིང་སྣ་ཚོགས་ནོར་འཛིན་པང་ནས་འཁྲུངས། །

ཞིང་གྲོང་ངོ་ལ་བྱི་དོར་བྱེད་མཁས་པའི། །

མཁའ་རླུང་བསིལ་པོ་བདེ་བའི་དཔལ་སྟེར་མ། །

ཆུ་སྣ་མི་གཅིག་བརྒྱ་དང་བརྒྱད་ཅུའི་ཚོགས། །

ཆབ་རོམ་གཡང་ཊིའི་མལ་ནས་དལ་བུར་བྱོན། །

ཉ་ཆུང་གསེར་མིག་འཁྱུག་བགྲོད་གར་ལ་རྩེན། །

ཤང་ཤང་ཆུ་མོའི་བཞུར་སྒྲས་དཔྱིད་དཔལ་བསུ། །

ལྡེམ་ལྡེམ་རྒྱ་ལྕང་དཔྱིད་ཀྱི་བསུ་མ་བཞིན། །

ཁྲ་ཆིལ་ཁམ་བུའི་མེ་ཏོག་མཛེས་ཞལ་ངོམས། །

པུ་ཤུད་གཞོན་ནུའི་མགྲིན་གྱི་གསུང་དབྱངས་འདི། །

ཁུ་བྱུག་བུ་མོར་ངང་སྒུག་བྱེད་དང་མཚུངས། །

གྲང་རླུང་ངར་མ་རྒྱང་རིང་ཡུལ་དུ་སོང་། །

དཔྱིད་རླུང་འཇམ་པོས་དུས་ཀྱི་ཚ་གདུང་སེལ། །

དཔྱིད་ཉི་དྲོན་མོ་ལམ་ལམ་འཕྲོ་བཞིན་དུ། །

དབྱར་གྱི་དཔལ་མོ་བག་མར་བསུ་བར་བྲེལ། །

ཨ་སྔོན་ནམ་མཁའ་གཡུ་ཡི་མེ་ལོང་བཞིན། །

ཉི་མའི་གཟི་བྱིན་གོ་ལའི་ཁྱོན་དུ་ངོམས། །

ཉ་གང་བཅོ་ལྔའི་མཚར་སྡུག་འཛུམ་ཞལ་ལ། །

གང་དང་ཅི་ཡིས་འགྲན་པར་མི་ནུས་ལགས། །

དུས་ཀྱི་འགྱུར་བ་རེས་མོས་བྱེད་པ་འདི། །

མི་རྟག་འཁོར་བའི་ཆོས་ཉིད་ཅིག་ལགས་ན། །

དུས་ཚིགས་བཞི་ཡི་འཕོ་འགྱུར་མྱུར་པོའི་ཁྲོད། །

མི་ཚེའི་གོམ་སྟབས་དེ་མིན་ཅི་ཞིག་སྲིད། །