ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། “ལྷ་ས་ཡན་ལག་ཚོགས་རའི་གླུ་གར་འཁྲབ་སྟོན་འགོ་ཚུགས་སོང་། ཚང་མ་མགྱོགས་པོ་ལྟ་བར་ཤོག”ལོ་གསར་གནམ་གང་གི་དགོང་མོར། ལོ་63ལ་སླེབས་པའི་པད་མ་རིག་འཛིན་གྱིས་དགའ་སྤྲོའི་ངང་ནང་མི་དང་མཉམ་དུ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་བརྙན་འཕྲིན་ལེ་ཚན་ལྟ་བཞིན་ཡོད། ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་ཡང་ཁང་པའི་ནང་དྲོ་སོབ་སོབ་ཡོད་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
པད་མ་རིག་འཛིན་གྱི་ཁྱིམ་ནི་ས་བབ་མཐོ་ཚད་སྨི་5070ཡོད་པའི་བོད་ལྗོངས་ལྷོ་ཁ་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་མཐུད་བ་གྲོང་ཚོར་ཡོད། འདི་གར་ལོ་ལྟར་གནམ་གཤིས་གྲང་ངར་ཆེ་བ་དང་གསོ་རླུང་གི་འདུས་ཚད་གཤོངས་སའི་ཡུལ་གྱི་ཕྱེད་ཀ་ལས་ཟིན་གྱི་མེད་པའི་ཁར་ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་5ཡས་མས་ཡིན་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཡུན་རིང་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པའི་འགྲན་སློང་དྲག་པོ་འཕྲད་ཀྱི་ཡོད། 2024ལོར་སྣ་དཀར་རྩེ་རྫོང་གིས་མ་དངུལ་སྒོར་ཁྲི་160ལྷག་ཙམ་གྲབས་གསོག་བྱས་ཏེ“ཚེ་སྲོག་ཁང་ཁྱིམ”35བསྐྲུན་པས་ཁང་པའི་ནང་དྲོད་དང་གསོ་རླུང་སྙོམས་པོ་བྱུང་བ་རེད།
སྣ་དཀར་རྩེ་རྫོང་གིས་2024ལོའི་ཟླ་1ཚེས་10ཉིན་མཐུད་བ་གྲོང་ཚོའི་དུད་ཚང་གཉིས་ལ“ཚེ་སྲོག་ཁང་ཁྱིམ”ཚོད་ལྟ་བྱས་ནས་སྒྲིག་སྦྱོར་བྱས་པ་རེད།
ཚོད་ལྟ་བེད་སྤྱོད་བྱས་པ་བརྒྱུད། དྲོད་དང་གསོ་རླུང་ཡོད་པའི་ཁང་པ་གསར་པ་དག་མང་ཚོགས་ཀྱི“བདེ་ཐང་ལུས་གསོའི་ཁང་པར”གྱུར་ཡོད་ལ། མཐུད་བ་གྲོང་ཚོ་ཡང་དྲོད་དང་གསོ་རླུང་མཁོ་འདོན་བྱས་པའི་བོད་ཀྱི་གྲོང་ཚོ་དང་པོར་གྱུར་ཡོད།
“ཚེ་སྲོག་གི་ཁང་ཁྱིམ”གྱིས་གྲོང་མིའི་བདེ་ཐང་སྲུང་སྐྱོང་བྱས་པ་མ་ཟད། མཐུད་བ་གྲོང་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཡང་སྦྱིན་ཡོད།
མཐུད་བ་གྲོང་ཚོ་འདི་ཉིད་ཕུ་མ་གཡུ་ཚོའི་ཉེ་འགྲམ་དུ་གནས་པས། གྲོང་ཚོས་འཆར་ཉེར་ཡོད་པའི་ཕུ་མ་གཡུ་མཚོའི“གཡང་དཀར་དར་བགྲོད”སྐབས་གཉིས་པའི་བྱེད་སྒོའི་ཁྲོད་དམངས་སྲོལ་གནས་ཚང་ཞབས་ཞུ་སྤེལ་རྩིས་ཡོད་པ་རེད། མིག་སྔར་དུད་ཚང་26གིས་ཡུལ་སྐོར་བར་སྣེ་ལེན་ཞུ་སའི་དམངས་སྲོལ་གནས་ཚང་བསྐྲུན་ཡོད། མཐུད་བ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཧོ་ཡའོ་ཡིས“ང་ཚོས་མི་དེ་བས་མང་བ‘སྲོག་གནས་དཀའ་ཁུལ’སུ་བསྐྱོད་ནས་ས་མཐོའི་མཛེས་སྡུག་མྱོང་རོལ་བྱེད་པ་དང་ས་བབ་ཧ་ཅང་མཐོ་བའི་གྲོང་མིའི་འཚོ་བ་གསར་པ་མྱོང་རོལ་བྱེད་དུ་འཇུག་གི་ཡིན”ཞེས་བཤད།