《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月06日

ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གླིང་མཐིལ་ཤང་མངགས་གཏོང་ཁང་གི

མྱུར་སྐྱོབ་རུ་ཁག་གིས་དཔྱིད་གསར་དུས་ཆེན་རིང་དམངས་ལ་ཞབས་འདེགས་ཧུར་ཐག་ཞུས་པ།

“ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གླིང་མཐིལ་ཤང་མངགས་གཏོང་ཁང་གིས་ཉེན་རྟོག་ལས་དོན་སྤེལ་སྟངས་གསར་གཏོད་བྱས་ཏེ་2023ལོའི་ཟླ་12པར‘མྱུར་སྐྱོབ་རུ་ཁག’བཙུགས་པ་དང་ལོ་གཅིག་ལྷག་ཙམ་རིང་ནུས་པ་མངོན་གསལ་དོད་པོ་བཏོན་ཡོད། མིག་སྔའི་བར‘མྱུར་སྐྱོབ་རུ་ཁག’གིས་སྔ་རྗེས་སུ་འགྲོ་ལམ་འགྲིམ་འགྲུལ་སྐོར་ཞིབ་ཚོད་འཛིན་དང་། ལམ་ངོས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག གངས་གཙང་འཕྱག་བྱས་ནས་འགྲོ་ལམ་ཤར་གཏོང་འགན་ལེན། མང་ཚོགས་ལ་རོགས་སྐྱོབ་སོགས་ཀྱི་ལས་དོན་ཐེངས་300ལྷག་ཙམ་སྤེལ་བ་དང་། སྔ་རྗེས་སུ་རླངས་འཁོར་ཐེངས་400ལྷག་ཙམ་ལ་རོགས་སྐྱོབ་ཀྱིས་འགྲོ་ལམ་བཤངས་པ། མང་ཚོགས་མི་ཐེངས་1100ལྷག་ཙམ་ལ་རོགས་སྐྱོབ་ཞབས་འདེགས་ཞུས་པ་སོགས”གསར་འགྱུར་གྱི་ཁུངས་སྣེ་ཤེས་རྗེས། གསར་འགོད་པས་གླིང་མཐིལ་ཤང་དུ་ཕྱིན་ནས་ས་བབ་མཐོ་བའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ཉམས་འགྱུར་བཟང་པོ་ཤེས་རྟོགས་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན།

ནག་ཆུ་གྲོང་ཁུལ་ནས་ཐོན་རྗེས་ཞིང་ཆེན་ལམ་302བརྒྱུད་དེ་ཤར་ལྷོའི་ཕྱོགས་སུ་བསྐྱོད།

“གསར་འགོད་པ་ལགས། སྐུ་ཁམས་བཟང་། ད་ལྟ་མངའ་ཁོངས་སུ་གངས་བབས་རྐྱེན་ང་ཚོས་འདྲེད་བརྡབ་ཤོར་སླ་བ་དང་གངས་འཁྱགས་ཐེབས་པའི་ལམ་དུམ་དུ་འཕྲལ་མར་གངས་གཙང་འཕྱག་དང་འདྲེད་འགོག་བྱེ་མ་བཤོས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བར་སྐྱོད་དགོས་ཀྱི་འདུག ཁྱེད་ཚོས་ལམ་བར་དུ་རླངས་འཁོར་དལ་ཙམ་བཏང་ནས་བདེ་འཇགས་ལ་ཡིད་གཟབ་གནང་རོགས།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ང་ཚོས་འགྲོ་ལམ་གཙང་སེལ་བྱས་རྗེས་མངགས་གཏོང་ཁང་དུ་ལོག་ནས་ཁྱེད་ཚོ་དང་ཐུག་འཕྲད་བྱེད་པར་ཡོང་གི་ཡིན”ཞེས་གསར་འགོད་པར་མངགས་གཏོང་ཁང་གི་སུའོ་ཀྲང་དཔལ་འབྱོར་གྱིས་ཁ་པར་ནང་དེ་ལྟར་བཤད།

ས་བབ་སྨི་5100ཡོད་པའི་ཞིང་ཆེན་ལམ་302རྒྱུད་ཀྱི་ཨ་དབྱི་ལ་རི་བོའི་ལམ་རྒྱུད་དུ་སྐྱོད་སྐབས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་6གིས་གངས་གཙང་སེལ་བྱེད་བཞིན་འདུག ང་ཚོས་རླངས་འཁོར་ནས་བབས་ཏེ་ཁོང་ཚོར་འཚམས་འདྲི་ཞུས་པ་ཡིན།

“ཁྱེད་རྣམ་པ་ལམ་བར་དུ་དཀའ་ལས་ཁག་སོང་། ད་ལྟ་གངས་ཆུང་དུ་ཕྱིན་པ་དང་འགྲོ་འོང་བྱེད་མཁན་རླངས་འཁོར་ཡང་མང་པོ་མེད། ང་ཚོས་དུས་ཚོད་དམ་འཛིན་བྱས་ནས་མྱུར་དུ་རླངས་འཁོར་ཁ་སྐྱོག་སའི་ལམ་ངོས་ཀྱི་གངས་གཙང་སེལ་བྱས་རྗེས་ཕྱིར་ལོག་གི་ཡིན”དཔལ་འབྱོར་གྱིས་ལག་པ་གྱོན་གོས་སྟེང་ཐེངས་ཁ་ཤས་འཕྱིས་ནས་སེམས་རྩ་འཁོལ་པོས་ང་ཚོར་ལག་པ་བཏང་བྱུང་། དེ་རྗེས་ལྕགས་ཁྱེམ་འཁྱེར་ནས་གངས་གཙང་སེལ་བྱེད་ཞོར་དུ་ང་ཚོ་དང་ཁ་བརྡ་བྱས་བྱུང་།

གངས་གསོག་དང་བྱེ་རྡོ་གཙང་སེལ་སོགས་བྱས་ཤིང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚོའི་སྐྲ་དང་ངོ་གདོང་། ཐ་ན་འཕྲུལ་འཁོར་གྱི་གང་སར་གངས་ཀྱིས་འཚོས་ནས་ཐིགས་པ་རྒྱག་གི་ཡོད། ཁོ་ཚོའི་མཛུབ་མོར་སྐྲངས་སྦོས་ཐེབས་པ་དང་ལྷམ་དང་རྐང་ཤུབས་རློན་རྐྱང་ཆགས་ནས་ས་བབ་མཐོ་བ་མ་ཟད་ལས་འབོར་མང་བའི་རྐྱེན་གྱིས་གཟུགས་པོ་མི་བདེ་བ་བྱུང་ནའང་། འགྲོ་འོང་བྱེད་མཁན་ཁ་ལོ་བས་ཁོང་ཚོར་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་པར་ལྟ་ཁོམ་མེད་ཅིང་། བྱ་སྤྱོད་དངོས་ལ་བརྟེན་ནས་གྲང་ངར་ཆེ་བའི་དགུན་དུས་སུ་མི་རྣམས་ལ་དྲོ་སྐྱིད་སྦྱིན་བཞིན་མཆིས།

ཆུ་ཚོད་གཅིག་ཙམ་གཙང་སེལ་བྱས་རྗེས་འགྲོ་ལམ་ཤར་གཏོང་ཐུབ་ཡོད། ཚང་མ་གླིང་མཐིལ་ཤང་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ལོག་སྟེ་ཐབ་ལ་བསྐོར་ནས་མེ་བསྲོས་ཏེ་བསྡོད་པ་ལས་སྡུག་སྐད་རྒྱག་མཁན་གཅིག་ཀྱང་མེད།

“ཚང་མས་མིག་ནང་མིག་སྨན་བླུགས་ནས་ངལ་ཕྲན་ཙམ་གསོས” མི་དམངས་ཉེན་རྟོག་པ་བློ་བཟང་གིས་ཆུ་གཙང་མ་བླུགས་པའི་དུང་པན་ཞིག་ཁྱེར་ཡོང་ནས་གསར་འགོད་པར“གངས་ནང་ཡུན་རིང་བསྡད་པས་ང་ཚོ་ཚང་མར་ཚད་མི་འདྲ་བའི་མིག་ནད་ཕོག་ཡོད། དེ་རིང་སྟབས་ལེགས་པ་ཞིག་ལ་གནམ་གཤིས་ཞན་པོ་དེ་ཙམ་མེད་པ་དང་རླངས་འཁོར་ཡང་མང་པོ་མེད་པས་འགྲོ་ལམ་ཤར་གཏོང་གང་མགྱོགས་ཐུབ་པས་མིག་ལ་ན་ཟུག་ཕྲན་བུ་ལས་བཏང་མ་བྱུང་། གངས་བསྟུད་མར་བབས་པའི་གནམ་གཤིས་བསྟན་ཚེ། ང་ཚོས་ཉིན་གང་ཕྱི་རོལ་དུ་སྐོར་གཡེང་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། ལམ་གཤོང་བ་དང་དེ་བཞིན་རོགས་སྐྱོབ་ལས་དོན་སྤེལ་དགོས་པས་ཉིན་གཉིས་པར་མིག་ལ་ན་ཟུག་གཏོང་བ་དང་མིག་རབ་རིབ་བྱེད་ཀྱི་འདུག ཉིན་བཞི་ལྔ་ཙམ་སོང་རྗེས་དྲག་སྐྱེས་ཡོང་གི་འདུག”ཅེས་བཤད།

“མྱུར་སྐྱོབ་རུ་ཁག”ལ་ཁྱོན་རུ་མི་ག་ཚོད་ཡོད་དམ། གཙོ་བོ་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་སྤེལ་གྱི་ཡོད་དམ། རུ་ཁག་བཙུགས་རྗེས་མངགས་གཏོང་ཁང་གི་ལས་དོན་སྤེལ་རྒྱུར་ཕན་ཐོགས་གང་འདུག་གམ།

གསར་འགོད་པའི་དྲི་བ་དེ་དག་ལ་དཔལ་འབྱོར་གྱིས“མངགས་གཏོང་ཁང་དུ་ཁྱོན་མི་དམངས་ཉེན་རྟོག་པ་9དང་ལས་རོགས་ཉེན་རྟོག་པ་3ཡོད་པ་དེ་དག་ཚང་མ‘མྱུར་སྐྱོབ་རུ་ཁག’གི་ཁོངས་མི་ཡིན། ང་ཚོའི་ཁོངས་གཏོགས་ཁུལ་གྱི་ཆ་སྙོམས་ས་བབ་སྨི་4700དང་དོ་དམ་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་363ཟིན་པའི་ནང་སྲིད་འཛིན་གྲོང་ཚོ་7དང་རང་བྱུང་གྲོང་ཚོ་18ཚུད་ཡོད། དེ་གར་གནམ་གཤིས་ཞན་པ་དང་། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མངགས་གཏོང་ཁང་གི་རྒྱུན་ལྡན་ལས་ཀའི་གྲས་ཤིག་ཡིན། མྱུར་སྐྱོབ་རུ་ཁག་བཙུགས་པ་ནི་མངགས་གཏོང་ཁང་གིས་མི་དམངས་ལྟེ་བར་འཛིན་པའི་ཞབས་ཞུའི་ལས་དོན་ཁག་ཞིབ་ཕྲ་ཅན་དུ་སྤེལ་བའི་མཚོན་ཚུལ་ཞིག་ཡིན་ལ། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས‘མི་དམངས་སྤྱི་བདེས་མི་དམངས་ཆེད”ཅེས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་རྒྱུར་སྐུལ་མ་བཏང་སྟེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྤེལ་ཏེ། ང་ཚོའི“དཀའ་ངལ་གྱི་སྟོན་གྲངས”དེ་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་སྟོན་གྲངས”སུ་བསྒྱུར་རྒྱུ་དེ་ཡིན། གོམ་སྟབས་རྗེས་མར་ང་ཚོས་ཤང་ཡོངས་ཀྱི་མི་རྒྱུ་དངོས་གསུམ་བསྡུ་སྒྲིལ་བྱ་རྒྱུ་མ་ཟད། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དེ་བས་མང་བ་རོགས་སྐྱོབ་རུ་ཁག་ནང་ཞུགས་སུ་བཅུག་ནས་ཞབས་ཞུའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་རྒྱུ་ཡིན་ཞེས་བཤད།