ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྡེ་ཁུལ་དུ་གསོན་ཤུགས་དང་དྲོ་སྐྱིད་ལྡན་པའི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི“གསེར་མདོག་ལོ་ཟླ”ཞེས་པའི་ནང་སྦྱོང་ཁང་ཞིག་ཡོད། དཔྱིད་གསར་དུས་ཆེན་རིང་། དེ་གར་སྔར་རྒྱུན་བཞིན་འཁྲུག་ཆ་དོད་ལ། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་གི་ཁོངས་མི་དེ་གར་འཛོམས་ནས་ཁོང་ཚོར་དབང་བའི་སྤྲོ་བས་ཁེངས་པའི་དུས་ཚོད་ལོངས་སུ་སྤྱོད་བཞིན་ཡོད། རྒན་རྒོན་ཚོའི་ངོས་ནས་བརྗོད་ན་ནང་སྦྱོང་ཁང་དེ་བྱེད་སྒོ་སྤེལ་ཡུལ་ཙམ་མ་ཟད། དྲོ་སྐྱིད་དང་། སེམས་ཁུར། སྤྲོ་སྣང་བཅས་ཚོར་བའི་བསམ་པའི་ཁྱིམ་གཞིས་ཤིག་དེ་བས་ཀྱང་ཡིན།
ཞོགས་པའི་ཉི་ཟེར་ནང་སྦྱོང་ཁང་དུ་འཕྲོས་མ་ཐག རྒན་རྒོན་ཚོ་ཡང་ཉིན་གཅིག་གི་ལུས་སྦྱོང་བྱེད་འགོ་ཚུགས། དལ་ཞིང་ལྷོད་པའི་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ཏེ་ཁོང་ཚོས་གྲལ་འགྲིག་པོའི་ངང་བོད་ལུགས་གསོ་རིག་གི་ལུས་རྩལ་རྩེད་པ་དང་། ཡུན་རིང་ལུས་སྦྱོང་རྒྱུན་འཁྱོངས་བྱས་པས། རྒན་རྒོན་མང་པོ་ཞིག་གིས། གཟུགས་པོ་མངོན་གསལ་དོད་པོས་ཐང་དུ་ཕྱིན་པ་མ་ཟད། བསམ་པའི་ཉམས་འགྱུར་ཡང་ཡག་ཏུ་ཕྱིན་སོང་ཞེས་བརྗོད། ལོ་69སླེབས་པའི་རྨོ་བོ་དབྱངས་སྒྲོན་ལགས་ཀྱིས་གསར་འགོད་པར“སྔོན་ཆད་སྐེད་པ་དང་སྒལ་པ་ཡང་སེ་ན་གི་འདུག བོད་ལུགས་གསོ་རིག་གི་ལུས་རྩལ་རྩེད་རྗེས། གཟུགས་པོ་ཡང་དུ་ཕྱིན་སོང”ཞེས་འཛུམ་དམུལ་དམུལ་ངང་བརྗོད།
རྒྱུན་གཏན་གྱི་སྦྱོང་བརྡར་བྱེད་ས་ཡིན་པ་ཕུད། “གསེར་མདོག་ལོ་ཟླའི”ནང་སྦྱོང་ཁང་དེ་དགོད་སྒྲ་དང་སྤྲོ་སྣང་གིས་ཁེངས་པའི་གནས་ཤིག་ཀྱང་ཡིན། རྒན་རྒོན་ཚོས་དེ་གར་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་། ཇ་འཐུང་བ། འཚོ་བའི་གནས་ཚུལ་ཙག་ཙིག་གླེང་བ་སོགས་བྱེད་ཀྱི་ཡོད་པས་ཕན་ཚུན་དབར་མཛའ་གྲོགས་ཟབ་མོ་ཆགས་ཡོད། སྤྲོ་བས་ཁེངས་པའི་ཁོར་ཡུག་དེས་གྲོང་པ་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཞི་མཐུན་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་པ་མ་ཟད། སྡེ་ཁུལ་ཡོངས་ལའང་དྲང་ནུས་སྦྱིན་ཡོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
ལོ་65ལ་སླེབས་པའི་བསོད་ནམས་ཉི་མ་ནི་ཀརྨ་དགོན་གསར་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན་ལ། རྒན་རྒོན་རིག་རྩལ་རུ་ཁག་གི་ཁོངས་མི་ཞིག་ཀྱང་ཡིན། རྒན་ཡོལ་ཞུས་རྗེས། བསོད་ནམས་ཉི་མས་ཉིན་ལྟར་ཞོགས་ཟས་བཟས་ནས་ཚ་བོ་དང་ཚ་མོ་སློབ་གྲྭར་བསྐྱལ་ཚར་མ་ཐག་འཆར་ཅན་ལྟར་ནང་སྦྱོང་ཁང་དུ་འགྲོ་ཡི་ཡོད།
བསོད་ནམས་ཉི་མས“ཀརྨ་དགོན་གསར་སྡེ་ཁུལ་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱིས་ལས་སྟེགས་འདི་འདྲ་ཞིག་མཁོ་འདོན་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོར་རྒན་གསོའི་ཁོར་ཡུག་ལེགས་པོ་ཞིག་བཏོད་ཡོད”ཅེས་བརྗོད།
གནས་དེར། ཁོང་ཚོས་གཟུགས་པོར་སྦྱོང་བརྡར་བྱེད་ཐུབ་ལ། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་ལའང་ལོངས་སུ་སྤྱད་དེ་ཁྱིམ་གྱི་སྒོ་རྩར་ཚེ་མཇུག་བདེ་ལ་རོལ་ཆོག རྒན་རྒོན་དེ་བས་མང་བ་བྱེད་སྒོའི་ནང་ཞུགས་པ་བརྒྱུད། “གསེར་མདོག་ལོ་ཟླའི”ནང་སྦྱོང་ཁང་དེ་བརྩེ་བ་དང་རེ་བ་བརྒྱུད་སྤྲོད་བྱེད་སའི་གནས་ཤིག་ཏུ་གྱུར་ཡོད།
ཀརྨ་དགོན་གསར་སྡེ་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བས“ཀརྨ་དགོན་གསར་སྡེ་ཁུལ་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི‘གསེར་མདོག་ལོ་ཟླའི’ནང་སྦྱོང་ཁང་དེ་བྱེད་སྒོ་སྤེལ་ཡུལ་སྤྱིར་བཏང་བ་ཞིག་མིན་པར། དེ་བས་སྔོན་ཆད་དང་ད་ལྟ་སྦྲེལ་ནས་རིག་གནས་རྒྱུན་འཛིན་དང་བདེ་ཐང་ལ་སྐུལ་འདེད་གཏོད་ཆེད་ཀྱི་ཟམ་པ་ཞིག་ཡིན། རྒན་རྒོན་རིག་རྩལ་རུ་ཁག་གི་དགོད་སྒྲས་ཁེངས་པའི་གནས་དེ་ནི་ཞི་མཐུན་སྡེ་ཁུལ་འཛུགས་སྐྱོང་དང་ཚེ་མཇུག་བདེ་ལ་རོལ་བའི་གྲུབ་ཆ་གལ་ཆེན་ཞིག་དེ་བས་ཀྱང་ཡིན”ཞེས་བརྗོད། (ཕུར་སྒྲོན་གྱིས་བསྒྱུར། བསྟན་བློས་ཞུས)